ཟླ་བ་ ༡༡ ཚེས ༨ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡༡ ཚེས་ ༨ རེས་གཟའ་ཕུར་བུ།

༄༅། །འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ Society for Threatened Peoples ཀྱིས་སུད་སི་གྲོང་ཁྱེར་ཇི་ནི་ཝར་ཟུར་ཚོགས་ཤིག་གོ་སྒྲིག་གནང་འདུག

སྐབས་དེར་བོད་མི་དང་ཡུ་གུར་བའི་སྐུ་ཚབ་མགྲོན་འབོད་གནང་བ་ལྟར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ལྷན་ཚོགས་སུ་ཕེབས་ནས་བོད་ནང་གི་ཛ་དྲག་གནས་སྟངས་གསལ་འདོན་གནང་འདུག 

དེ་ཡང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམ་ནོར་བུ་ལགས་ཀྱིས་བོད་ནང་གི་གནས་སྟངས་ལ་མཚོན་ན། བོད་མི་ཚོས་རྒྱ་ནག་གཞུང་ལ་བདེ་སྡུག་དང་བསམ་ཚུལ། དེ་བཞིན་འབོད་སྐུལ་སོགས་ཞུ་སྐབས་རྒྱ་ནག་གཞུང་གི་སྲིད་བྱུས་དང་མི་མཐུན་པའམ་རྒྱ་གཞུང་གི་འདོད་བློར་མ་བབ་པ་ཞིག་བྱུང་མཚམས། འཕྲལ་མར་བོད་མི་དེ་དག་འཛིན་བཟུང་བཀག་ཉར་དང་། ཉེས་མིང་སྣ་ཚོགས་འོག་རྡུང་རྡེག་ཚ་ནན་གཏང་བ་སོགས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་།  བོད་ཀྱིས་གཙོས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པར་བརྟེན།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགན་ཡོད་པ་དེ་དག་ཐོག་འགན་ཁུར་ལག་བསྟར་མ་ཐུབ་པ་མཚོན་བཞིན་ཡོད་སྐོར་གསུངས།  

པི་ཊར་ཨར་ཝིན་Peter Irwinལགས།

གཏམ་བཤད་གནང་མཁན་གཉིས་པ་པི་ཊར་ཨར་ཝིན་ Peter Irwin ལགས་ཀྱིས་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་དེང་སྐབས་ཡུ་གུར་ནང་གི་ཁ་ཆེ་བ་ཚོའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་དང་།  ཡུ་གུར་ས་གནས་སུ་རྒྱ་མིའི་དྲག་ཆས་ཉེན་རྟོག་མི་སྣས་ཁེངས་ཤིང་། དམག་ཁྲིམས་བསྡམས་པ་ལྟ་བུའི་འོག་ཡུ་གུར་མི་མང་རྣམས་འགྲོ་འོང་དང་སྨྲ་བརྗོད་ཀྱི་རང་དབང་མེད་ཁར།  མི་གྲངས་ཧ་ཅང་མང་པོ་བཀག་བསྐྱིལ་བྱེད་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་བཞིན་ཡོད་པར་བརྟེན་བོད་ནང་གི་བོད་མིའི་གནས་སྟངས་དང་ཕྱོགས་གང་ས་ནས་འདྲ་བའི་གནས་སྟངས་ཡོད་སྐོར་གསལ་འདོན་གནང་འདུག   

སྐབས་དེར་ Geneva for Human Rights ཞེས་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨེཌ་རེན་ཛོ་ལར་ Adrian Zoller ལགས་ཀྱིས་རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འབྲེལ་བ་གནང་སྐབས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་དང་།  བོད་དང་ཡུ་གུར་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་དེ་ལྟར་བྱེད་བཞིན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཛིན་ནས་སྡོད་ཐབས་བྲལ་བ་ཡིན་སྐོར་དང་།  རྒྱ་ནག་གཞུང་གི་དྲང་བདེན་མིན་པའི་སྲིད་བྱུས་ལ་གདོང་ལེན་བྱ་རྒྱུ་དེ་ཇི་ནི་ཝ་དང་ནིའུ་ཡོག་ལྟ་བུ་ཙམ་མིན་པར་རྒྱལ་སྤྱིའི་ཁྱོན་དུ་ལས་འགུལ་སྤེལ་བ་བརྒྱུད་གདོང་ལེན་བྱེད་དགོས་པའི་དྲན་སྐུལ་བཏང་འདུག 

སྐབས་དེར་ལས་རིམ་གཙོ་སྐྱོང་བ་དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་ཟླ་སྒྲོན་ལགས་ཀྱིས་མཇུག་སྡོམ་གསུང་བཤད་གནང་སྐབས། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་རྒྱ་ནག་ལ་དུས་བཀག་བསྐྱར་ཞིབ་གནང་སྐབས། རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོགས་མི་རྣམ་པས་དུས་བཀག་བསྐྱར་ཞིབ་ཚད་དང་ལྡན་པ་ཞིག་ཡོང་ཐབས་གནང་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ཐོག་རྒྱལ་ཚོགས་ནས་བསྐྱར་ཞིབ་ཡང་ཡང་གནང་བ་བརྒྱུད་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་ལ་བརྩི་བཀུར་ཞུ་དགོས་པ་ཞིག་བཟོ་ཐབས་གནང་དགོས་སྐོར་གསུངས། 

སྤྱིར་གོང་གི་ལྷན་ཚོགས་དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་རྒྱལ་ཚོགས་ཀྱི་ཚོགས་ཁང་ Palais des Nations ཞེས་པའི་ཁང་མིག་ཨང་གྲངས་ XXIV ནང་ཚོགས་པ་དང་། ཚོགས་འདུའི་བརྗོད་གཞི་ནི། “བོད་དང་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པ་དེ་དག་ལག་བསྟར་དོན་འཁྱོལ་མ་བྱུང་བ།”ཞེས་པ་ཡིན་འདུག  སྐབས་དེར་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གཞུང་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གཉིས་པ་གནང་བ་ནས་ད་བར་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་རྩ་བ་ནས་མ་བྱུང་བའི་ཁར་ད་དུང་སྲིད་འཛིན་ཞི་ཅིན་པིང་གི་འགོ་ཁྲིད་འོག་གནས་སྟངས་དེ་བས་ཚབས་ཆེ་རུ་འགྲོ་བཞིན་པའི་གནད་དོན་ཐོག་བགྲོ་གླེང་ལྷུག་པོ་གནང་འདུག 

ཕྱི་ཚེས་ ༦  ཉིན་འཛམ་གླེང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་གནང་བ་དང་།  སྐབས་དེར་འབྲེལ་ཡོད་ཚོགས་མི་རྒྱལ་ཁབ་ཁག་བཅུ་གཉིས་ནས་རྒྱ་ནག་གཞུང་ལ་བོད་དང་ཡུ་གུར་གཙོ་བོར་གྱུར་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་སྒྱུར་བྱེད་བཞིན་པའི་ས་ཁུལ་ཁག་གི་ནང་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་།  དེ་བཞིན་ཞི་བའི་ལམ་ནས་འདུ་འཛོམས་བྱ་རྒྱུ་དང་སྨྲ་བརྗོད་རང་དབང་སོགས་མེད་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་ལྷན།  རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ནང་སྲོག་ཁྲིམས་ཀྱི་ཉེས་ཆད་མཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ་བཅས།།

Share with your friends










Submit