ཟླ་བ་ ༡༡ ཚེས ༥ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༥ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༥ རེས་གཟའ་ཟླ་བ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་བཞུགས་སྒར་རྡ་ས་ཉེ་འཁྲིས་སུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་གི་ཚོགས་ཁང་དུ་ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསར་འདེམས་བྱུང་བ་རྣམས་ལ་བོད་ཨིན་སྐད་ཡིག་གཙོ་བོར་གྱུར་པའི་གང་ཅིའི་ཐོག་ལས་དོན་གནང་ཕྱོགས་ཀྱི་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད།


དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ལས་བྱེད་འདེམས་ལྷན་དང་འོས་བསྡུའི་འགན་འཛིན་གཅིག་ལྕོགས་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་དང་།  ལས་བྱེད་འདེམས་ལྷན་གྱི་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས། འདེམས་ལྷན་ཚོགས་མི་སྐལ་བཟང་གཡུ་སྒྲོན་ལགས་དང་། ན་ག་སངས་རྒྱས་བསྟན་དར་ལགས། དབུས་སྣེ་ལེན་འབྲེལ་མཐུད་ཁང་དང་འཛིན་སྐྱོང་སྦྱོང་བརྡར་ཁང་གི་འགན་འཛིན་གཅིག་ལྕོགས་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས། འབྲེལ་ཡོད་ལས་བྱེད། དེ་བཞིན་ཟབ་སྦྱོང་བ་བཅས་ཚང་འཛོམས་ཀྱིས་ཐོག་མར་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་རྟེན་འབྲེལ་མཚོན་བྱེད་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་ཡོད།


དེ་རྗེས་སྲི་ཞུའི་ལས་བྱེད་གསར་པ་རྣམས་ཀྱིས་རེ་རེ་བཞིན་རང་ཉིད་ཀྱི་མཚན་དང་། གནས་རིམ། དེ་བཞིན་སློབ་སྦྱོང་གི་རྒྱབ་ལྗོངས་བཅས་ངོ་སྤྲོད་གནང་གྲུབ་བསྟུན། འདེམས་ལྷན་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་སྐབས་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྐོར་སློབ་ཁྲིད་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཨིན་ཡིག་སློབ་ཁྲིད་པ་གནང་རྒྱུ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཆགས་དྲུང་ཆེ་རྣམ་པ་དང་འབྲེལ་ཡོད་ལས་བྱེད་རྣམས་ནས་ལས་ཁུངས་ཁག་གི་ངོ་སྤྲོད་གནང་རྒྱུ། བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གི་སློབ་ཁྲིད་གནང་རྒྱུ། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་འཛིན་སྐྱོང་ནང་གི་བཟང་སྤྱོད་ཅེས་པའི་བརྗོད་གཞི་ཐོག་སློབ་ཁྲིད་དང་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ཡིག་བསྐུར་རྣམ་གཞག་ཐོག་སློབ་ཁྲིད་གནང་རྒྱུ་སོགས་སློབ་ཁྲིད་གནང་རྒྱུའི་བརྗོད་གཞི་དང་སློབ་ཁྲིད་གནང་མཁན་ཁག་ངོ་སྤྲོད་དང་།  ལྷག་པར་ཟབ་སྦྱོང་སྐབས་ཚོགས་བཅར་བ་རྣམས་ནས་དུས་རྒྱུན་བྱེད་སྒོ་དང་འབྲེལ་བའི་སྒྲིག་གཞི་ཁག་སོགས་ངོ་སྤྲོད་གནང་བ་སྦྲགས། ཟབ་སྦྱོང་བ་རྣམས་འཛིན་གྲྭར་དུས་ཐོག་ཏུ་ངེས་པར་བཅར་དགོས་པའི་ལམ་སྟོན་གནང་ཡོད།


དེ་ནས་འདེམས་ལྷན་ཚོགས་མི་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ལས་བྱེད་གསར་པ་རྣམས་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་རྒྱུའི་གོ་སྐབས་ཐོབ་པ་དེ་བསྐལ་པ་བཟང་པོ་ཞིག་རེད། དུས་རྒྱུན་ང་ཚོས་རྒྱུན་འཛིན་བྱ་དགོས་ཞེས་ཟེར་ཡོང་དུས་རྒྱུན་འཛིན་བྱེད་རྒྱུའི་གོ་སྐབས་ཡག་ཤོས་དེ་ནི་ཏན་ཏན་གཞུང་ཞབས་ཆགས་ཀྱི་ཡོད། ཁྱེད་རྣམ་པ་འདིར་ཕེབས་པར་འཚམས་འདྲི་ཙམ་མ་ཟད་སོ་སོ་ངོས་ནས་བསམ་བློ་བཏང་བའི་སྐབས་ང་སླེབས་ས་ནོར་མེད། བོད་མིའི་སྤྱི་ཚོགས་ནང་ཞབས་འདེགས་སྒྲུབ་རྒྱུའི་གོ་སྐབས་ཐོབ་རྒྱུ་ཡིན་པ་དང་། གོ་སྐབས་བཟང་པོ་དེར་ལྷག་བསམ་རྣམ་དག་ཐོག་ནས་རང་གཞན། རྒྱལ་ཁབ། དེ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་སྒྲུབ་ཐུབ་ཀྱི་ཡོད་པ་ཆ་ཚང་དེའི་ནང་ཚུང་ཀྱི་ཡོད་པའི་ཐོག་ནས་རང་ངོས་ནས་སེམས་ནང་ངེས་དགོས་རྒྱུ་ཧ་ལས་པ་གལ་ཆེན་པོ་ཞིག་རེད་ཅེས་དྲན་གྱི་འདུག གོ་སྐབས་ཐོབ་པའི་རྗེས་སུ་གོ་སྐབས་དེ་དག་དམ་འཛིན་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། ཉུང་མཐར་ལོ་ ༥ རིང་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་དགོས་རྒྱུ་ནི་རང་བཞིན་གྱི་ང་ཚོའི་ལས་འགན་ཞིག་ཆགས་ཀྱི་ཡོད། ལས་འགན་དེ་དག་རང་ཉིད་ཀྱི་བསམ་བློ་ནང་ཤར་ཚེ་ཞབས་འདེགས་དེ་ཡང་རྒྱུན་རིང་པོ་ཞིག་དང་། ཐད་ཀར་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་ལོངས་སུ་སྤྱོད་ཐུབ། ཞེས་དང་།

གཞན་ཡང་ཁོང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དུས་དང་རྣམ་པ་ཀུན་དུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཆགས་དགོས་ཀྱི་ཡོད་སྐོར་དང་།  ཁྲིམས་མཐུན་དང་བཟང་སྤྱོད་གཉིས་ཀ་ཡིན་པའི་ལས་ཀ་ཁོ་ན་གནང་དགོས་སྐོར། ལས་བྱེད་གོང་འོོག་སུ་འདྲ་ཞིག་ཡིན་རུང་འབྲེལ་བ་བྱེད་དགོས་བྱུང་ཚེ་འབྲེལ་བ་དེ་བཞིན་གསང་པོ་དང་། ཉེ་པོ། གསལ་པོ་ཞིག་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར། ལས་ཁུངས་ནང་མི་སུ་འདྲ་ཞིག་བཅར་བ་ཡིན་ནའང་འཚེར་སྣང་མེད་པ་ཞིག་བཟོ་དགོས་སྐོར་སྤྱི་དང་། ལྷག་པར་བོད་པའི་བཤད་རྒྱུན་ལྟར་དུས་དང་རྣམ་པ་ཀུན་ཏུ་སེམས་བཟང་པོ་བྱེད་དགོས་སྐོར་བཅས་ཀྱི་ལམ་སྟོན་གསུང་བཤད་གནང་།

དེ་ནས་འདེམས་ལྷན་ཚོགས་མི་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས་གསུང་བཤད་གནང་དོན། དུས་ཚོད་གཉན་འཕྲང་ཆེ་བའི་སྐབས་འདིར་རྣམ་པ་ཚོ་འདིར་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་ཞུ་རྒྱུར་ཕེབས་པར་ཧ་ཅང་དགའ་པོ་བྱུང་། ཕྱི་ལོ་ ༡༩༥༩ ཙམ་ནས་རྒྱ་ནག་དམར་པོས་བོད་ས་བཙན་བཟུང་བྱས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མིའི་ཁྲི་བརྒྱད་ལྷག་ཙམ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་སླེབས་ཡོད། སྐབས་དེ་དུས་མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་ཇི་ལྟར་བསྐྱོན་ཡོད་པ་རྣམས་རྣམ་པ་ཆོས་མཁྱེན་གྱི་ཡོད་ནའང་དེ་རིང་ངས་དྲན་སྐུལ་ཞུ་རྒྱུ་ཡིན། ཁོང་རྣམས་ཀྱི་བྱས་རྗེས་དང་བཀའ་དྲིན་རྣམས་ང་ཚོས་དྲན་གསོ་གནང་དགོས་པ་དང་སྦྲགས། ང་ཚོའི་ངོས་ནས་དེ་ལས་ལྷག་པའི་སེམས་ཤུགས་དང་ལྷག་བསམ་སྐྱེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ང་ཚོ་འཚོ་བ་ཧྲ་ཏག་ཏག་གནས་ཡོད། མ་འོངས་པར་བོད་ཀྱི་གནས་སྟངས་དེ་ད་ལྟའི་བོད་ཀྱི་གཞོན་སྐྱེས་ཚོར་རག་ལུས་ཡོད། ད་ཆ་མགོན་པོ་གང་ཉིད་མཆོག་དགུང་ལོ་ ༨༤ ཕེབས་ཀྱི་ཡོད་པར་བརྟེན་ང་ཚོའི་ཛ་དྲག་གནས་སྟངས་འདིའི་སྐབས་ཚང་མས་ཧུར་ཐག་ངང་ནས་འབད་བརྩོན་ཐོག་བོད་སྤྱི་པའི་གནས་དོན་ཐད་ང་ལ་འགན་ཞིག་ཡོད་བསམ་པའི་ཐོག་ནས་ལས་དོན་བྱེད་དགོས། ལས་དོན་གང་འདྲ་ཞིག་བྱས་ནའང་ལྷག་བསམ་དང་སེམས་ཤུགས། དེ་བཞིན་ཤེས་ཡོན་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། ཟབ་སྦྱོང་བ་རྣམས་ནས་ཟབ་སྦྱོང་གི་དུས་ཚོད་དེ་བཞིན་གལ་ཆེན་པོ་རྩི་བའི་ཐོག་ནས་དོ་སྣང་དང་འབོད་བརྩོད་གནང་དགོས་པའི་འབོད་སྐུལ་ཡང་གནང་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་ཟབ་སྦྱོང་གི་དགོས་དམིགས་དང་འབྲེལ་བའི་ཐོག་གསུང་བཤད་གནང་དོན། དེ་རིང་ནས་བཟུང་ལས་བྱེད་གསར་པ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཏན་འཇགས་ཞིག་ཏུ་བསྐོ་བཞག་གནང་ཡོད། ཟབ་སྦྱོང་གི་དམིགས་ཡུལ་ནི། ཁྱེད་རྣམ་པ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ནང་ཕྱག་ལས་གནང་མཁན་ཞིག་ཡིན་པར་བརྟེན་ལས་བྱེད་ཀྱི་བསམ་བློ་གཏོང་ཕྱོགས། ཤེས་ཡོན། ཉམས་མྱོང་། དེ་བཞིན་ལས་བྱེད་ཀྱི་ཁྱད་ཆོས་ཇི་ལྟར་དགོས་སྐོར་དེ་ཡིན། དེའི་ཆ་རྐྱེན་གཙོ་བོ་རང་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། ཨིན་ཡིག་བཅས་ཡིན། བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་མཁན་ཞིག་ཡིན་ན་བོད་ཡིག་དང་ཨིན་ཡིག་གཉིས་མེད་དུ་མི་རུང་བ་ཞིག་དང་དགོས་གལ་ཆེན་པོ་ཡིན། ལྷག་པར་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་སྐབས་ཡིག་འབྲེལ་ཚང་མ་བོད་ཡིག་ཐོག་གནང་དགོས་པར་བརྟེན། བོད་ཡིག་ཡག་པོ་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ཧ་ཅང་གསལ་པོ་རེད།

དེ་ཡང་ཟབ་སྦྱོང་གི་སློབ་ཚན་གོ་རིམ་རེའུ་མིག་ནང་གསལ་ལྟར་བོད་ཨིན་གཉིས་གལ་ཆེན་པོ་བརྩིས་བའི་ཐོག་ནས་དུས་ཚོད་མང་ཙམ་བཞག་ཡོད། འཛམ་གླིང་རྒྱལ་ཁབ་ཚང་མར་ཁྲིམས་ཡོད་པ་ལྟར་ང་ཚོའི་ཁྲིམས་དེ་མི་འདྲ་བར་བཅའ་ཁྲིམས་ཡོད། བཅའ་ཁྲིམས་ཞེས་པ་ནི་བཙན་བྱོལ་བོད་མི་རྣམས་ནས་ཉམས་ལེན་བྱེད་དགོས་རྒྱུའི་ཁྲིམས་ཞིག་ཡིན། བཅའ་ཁྲིམས་ཚང་མ་རྟོགས་མི་ཐུབ་ཀྱང་སྙིང་བསྡུས་ཤིག་ངེས་པར་རྟོགས་ཐུབ་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་དགོས་རྒྱུ་དང་། ལས་བྱེད་བླང་དོར་སྒྲིག་གཞི་མཁྱེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཟབ་སྦྱོང་ཚར་བའི་རྗེས་ལས་འགན་བཀོད་སྒྲིག་ནི་འཛིན་སྐྱོང་བཀའ་ཤག་གི་སྟངས་འཛིན་འོག་བཀོད་སྒྲིག་གནང་གི་ཡོད། ཐེངས་འདིའི་ཟབ་སྦྱོང་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁོངས་སུ་ཚུགས་པ་རྣམས་ལ་ཟབ་སྦྱོང་གནང་གི་ཡོད། དེ་མིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དམིགས་སྒོར་ཟབ་སྦྱོང་ཞིག་སཱ་ར་མཐོ་སློབ་ཏུ་སྤྲོད་ཀྱི་ཡོད། དེ་གཉིས་དབར་ཁྱད་པར་ཆེན་པོ་ཡོད། སཱ་རར་ཟབ་སྦྱོང་དེ་ཉིད་ལས་བྱེད་དགོས་དམིགས་ཀྱི་ཟབ་སྦྱོང་ཡིན་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གསར་འདེམས་ཀྱི་ཟབ་སྦྱོང་མིན། བོད་མིའི་སྒྲིག་འཛུགས་ལ་བཞུགས་པའི་རིང་ལ་ཧུར་ཐག་འབད་ཐག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།


སྤྱིར་ཐེངས་འདིའི་ཟབ་སྦྱོང་ནང་ལས་བྱེད་གསར་འདེམས་བྱུང་བ་བུ་གྲངས་ ༤ དང་བུད་མེད་གྲངས་ ༡༤ བཅས་ཁྱོན་ལས་བྱེད་གྲངས་ ༡༨ ཡོད་པ་དང་། ད་ལྟ་ལས་འགན་བཀོད་སྒྲིག་གནང་རྒྱུ་ཡིན་འདུག ཟབ་སྦྱོང་འདི་ཉིད་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༥ ནས་ཕྱི་ཟླ་ ༡༢ ཚེས་ ༢༨ བར་ཟླ་བ་གཉིས་ཙམ་རིང་འཚོགས་རྒྱུ་ཡིན་པ་དང་། ཟབ་སྦྱོང་མཐུན་འགྱུར་རོགས་རམ་གནང་མཁན་ཨ་རིའི་ཐབས་རྩ་ USAID ཡིན་པ་བཅས། །

Share with your friends










Submit