ཟླ་བ་ ༡༡ ཚེས ༡༣ ༢༠༡༨
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༣ རེས་གཟའ་མིག་དམར། 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤྱི་འཐུས་པདྨ་བདེ་ལེགས་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ལྷོ་ཕྱོགས་པུ་ཌུ་ཅེ་རི་ Puducherry མངའ་སྡེའི་ནང་ཉིན་གྲངས་གཉིས་རིང་བོད་དོན་ཞུ་སྐུལ་གནང་ཡོད་འདུག    དེ་ཡང་སྤྱི་འཐུས་རྣམ་པས་སྦེང་ལོར་ཁུལ་གྱི་བོད་དོན་ཞུ་སྐུལ་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༧ ཉིན་ཕྱི་དྲོ་པུ་ཌུ་ཅེ་རི་མངའ་སྡེའི་ནང་ཕེབས་འབྱོར་གནང་ཡོད་པ་དང་། ཕྱི་ཚེས་ ༨ ནས་ ༩ བར་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝི་ནཱ་ར་ཡཱ་ན་ས་མེ་ Shri. V.Narayanasamy Chief Minister of Puducherry མཆོག་མཇལ་འཕྲད་གནང་བ་དང་།

སྐུ་ཞབས་ཁོང་ནི་དེ་སྔ་ཀོང་རེ་སི་སྲིད་དོན་ཚོགས་པས་རྒྱ་གར་དབུས་གཞུང་འཛིན་སྐབས་སྲིད་བློན་ལས་ཁུངས་ནང་བློན་ཆེན་གྱི་མཛད་འགན་བཞེས་མྱོང་ཡོད་པས། བོད་ཀྱི་དཀའ་རྙོག་ཐད་གང་ཙམ་མཁྱེན་མཁན་ཞིག་ཆགས་ཡོད་འདུག  མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝི་ཝཡེ་ཐི་ལིན་གྷམ་ Shri.V.Vaithilingam,the Speaker of Puducherry Legislative Assembly མཆོག  བྷི་ཇེ་པི་མངའ་སྡེའི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝི་ སཱ་མི་ནཱ་ཐན་ V. Saminathan,President of BJP Puducherry unit མཆོག་དང་ལྷན་མཐོ་རིམ་ལས་བྱེད་ཁག་ཅིག མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་དང་། མངའ་སྡེའི་སྤྱི་ཚོགས་ཡར་རྒྱས་བློན་ཆེན་གཅིག་ལྕོགས་སྐུ་ཞབས་ཨེ་ནཱ་མ་སི་ཝཱ་ཡམ་ Shri.A. Namassivayam,Public Works Department,PDW མཆོག་དང་ལྷན་ཁོང་གི་ལས་རོགས་ཁག་ཅིག་བཅས་དང་སོ་སོར་མཇལ་འཕྲད་གནང་སྟེ།

སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཁོང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་དོན་ཚན་ལྔ་ཅན་འགྲེལ་བརྗོད་གནང་ཐོག རྒྱ་གར་གཞུང་མང་ནས་མུ་མཐུད་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནུས་པ་ཆེ་རུ་འདོན་ཐབས་སུ་མཐུན་འགྱུར་ཡོང་ཐབས། འདི་ལོ་ནས་བཟུང་རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཡིན་སྟབས། གལ་ཆེའི་སྡིངས་ཆ་འདི་ལྟ་བུའི་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཡོང་བའི་རེ་བསྐུལ་བཅས་ཞུས་གནང་འདུག

མཇལ་འཕྲད་སྐབས་སུ་པུ་ཌུ་ཅེ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝི་ཝཡེ་ཐི་ལིན་གྷམ་མཆོག་གིས་བོད་དོན་སྐོར་སྤྱི་དང་ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་རྒྱ་གར་གྱི་གལ་ཆེའི་སྐུ་མགྲོན་ཞིག་ཆགས་ཡོད་སྐོར་སོགས་གསུངས་གནང་འདུག་པ་མ་ཟད། སྤྱི་འཐུས་རྣམ་པས་ཞུ་དོན་གནས་ལུགས་རྣམས་དབུས་ཀྱི་ཚོགས་པའི་གོང་རིམ་དབུ་འཁྲིད་རྣམ་པར་སྙན་སེང་ཞུ་རྒྱུའི་ཞལ་བཞེས་གནང་འདུག

བྷི་ཇེ་པི་མངའ་སྡེའི་སྲིད་དོན་ཚོགས་པའི་ཚོགས་གཙོ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་བཅས་དང་མཇལ་དུས་བཟོས་པ་དང་། ལས་བྱེད་པ་གཅིག་སྐུ་ཚབ་ཚོགས་ཆུང་དང་ལྷན་དུ་ཆེད་གཏོང་གིས་མཐུན་འགྱུར་གང་ལེགས་གནང་འདུག

དེ་བཞིན་ཕྱི་ཚེས་ ༧ ཉིན་སྦེང་ལོར་ནས་པུ་ཌུ་ཅ་རིར་མ་ཕེབས་གོང་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་སྦེང་ལོར་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་ Banglore Press Club ནང་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་གནང་ཡོད་པ་དང་། སྐབས་དེར་གསར་འགོད་པ་གྲངས་ཉི་ཤུ་ཙམ་འདུ་འཛོམས་ཐོག་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སྦེང་ལོར་དུ་ཕེབས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ།

བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད། བོད་ནང་གི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། སྦེང་ལོར་ནང་ཉིན་གྲངས་དྲུག་རིང་ཆེས་མཐོའི་ཆབ་སྲིད་དབུ་འཁྲིད་དང་དཔོན་རིགས་སུ་དང་སུ་མཇལ་འཕྲད་གནང་བའི་སྐོར་གསལ་འདོན་གནང་རྗེས། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག་པ་བཅས། ། 

Share with your friends










Submit