ཟླ་བ་ ༡༡ ཚེས ༣༠ ༢༠༡༨
Published By ngawang thokmey

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣༠ རེས་གཟའ་པ་སངས།

༄༅། །བོད་ཤར་ཕྱོགས་ཆབ་མདོའི་ས་ཁུལ་དུ་ས་གནས་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་ཚོས་ཁུལ་དེའི་དགོན་པ་འདྲ་མིན་ནས་བོད་མི་དགེ་འདུན་པ་ཞལ་གྲངས་ ༤༢ ལ་ “ཆབ་མདོ་གྲོང་ཁྱེར་བོད་བརྒྱུད་ནང་བསྟན་ཆོས་བྱེད་མི་སྣ་གསོ་སྐྱོང་འཛིན་གྲྭ”ཟེར་བ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་བཙན་དབང་འོག་སྤེལ་བཞིན་ཡོད་འདུག

དེ་ཡང་ཨིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ “བོད་རང་དབང་”  ཞེས་པའི་དྲ་རྒྱའི་སྟེང་གནས་ཚུལ་བཀོད་པར་གཞིགས་ན། འཐབ་ཕྱོགས་གཅིག་གྱུར་དང་གྲངས་ཉུང་མི་རིགས་ཆོས་དོན་ལས་ཁུངས་ཟེར་བས་ཉེ་ལམ་ཏང་གི་ཚོགས་ཆེན་ ༡༩ ཐོག་བསྐྱར་བཅོས་བྱས་པའི་གལ་ཆེའི་སྲིད་བྱུས་ཁག་གཅིག་དང་། གུང་ཁྲན་རིང་ལུགས་ཀྱི་ལྟ་གྲུབ་སོགས་ཁྲིམས་ལུགས་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་བཞིན་འདུག དགེ་འདུན་པ་རྣམས་ཕྱིར་རང་དགོན་དུ་ཕེབས་མཚམས་དགོན་པའི་དགེ་འདུན་པ་གཞན་ཚོར་སློབ་གསོ་རྒྱ་སྐྱེད་གཏོང་དགོས།  དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་བོད་བརྒྱུད་ནང་བསྟན་ལ་དབང་སྒྱུར་བྱེད་ཐབས་ཀྱི་སྲིད་བྱུས་ཤིག་རེད།  རྒྱ་ནག་གཞུང་གི་རྒྱལ་ཁབ་ཆོས་ལུགས་ལས་དོན་གྱི་བཀའ་ཁྱབ་ཨང་ ༥ ཟེར་བ་གཏན་འབེབས་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཇི་སྙེད་ཡོད་པ་རྣམས་ཀྱིས་རྒྱ་ནག་གཞུང་ལ་མཚན་ཐོ་དེབ་འགོད་གནང་དགོས་པ་བཟོས་ཡོད།

དེ་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུང་དོན། “རྒྱ་ནག་གཞུང་གི་བཀའ་ཁྱབ་ཨང་ ༥ ཟེར་བའི་ནང་འཁོད་དོན་ལྟར་ན། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་སུ་ཡིན་རུང་དགོངས་པ་གཞན་དོན་དུ་མ་གཤེགས་སྔོན་རྒྱ་ནག་གུང་ཁྲན་གཞུང་ལ་སྙན་སེང་ཞུ་དགོས་པ་མ་ཟད། སྐུའི་ཡང་སྲིད་ཕེབས་ཆོག་པའི་ཆོག་མཆན་ཡང་ཞུ་དགོས། ” ཅེས་གསུངས།  སྤྱིར་རྒྱ་ནག་གཞུང་གིས་བོད་མི་ཆོས་བྱེད་དགེ་བཙུན་རྣམས་ལ་ “རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་” ཟེར་བ་དེ་སྔ་བོད་ས་དབང་སྒྱུར་བྱས་པ་ནས་བཟུང་སྤེལ་འགོ་བཙུགས་ཟིན་ཡང་། ཉེ་ལམ་ནས་བཟུང་ལས་འགུལ་དེ་དག་ཐོག་སྔར་ལྷག་ཤུགས་གནོན་ཚ་འདེད་གཏོང་བཞིན་ཡོད།

བོད་ཀྱི་དགོན་པ་ཕལ་མོ་ཆེར་རྒྱ་ནག་དབུས་གཞུང་གིས་བསྐོ་འཛུགས་བྱས་པའི་ “དམངས་གཙོ་བདག་གཉེར་ཁང་ ” ཟེར་བ་དེས་དགོན་པ་དེ་དག་ལ་སྟངས་འཛིན་བྱེད་བཞིན་ཡོད། ཚོགས་པ་དེའི་ནང་རྒྱ་ནག་གཞུང་ལ་དགའ་ཞེན་ཆེ་བའི་བོད་མི་དགེ་བཙུན་ཁག་གཅིག་དང་། ཏང་གི་ལས་བྱེད། དེ་བཞིན་སྲིད་གཞུང་གིས་ཡིད་ཆེས་བྱེད་སའི་ལས་བྱེད་པ་སོགས་ཡོད་འདུག 

དེ་ཡང་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་སྦྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གསུང་དོན། “དེང་སྐབས་བོད་ས་ཁྱོན་དུ་ཁྲིམས་ལུགས་སློབ་གསོའི་ལས་འགུལ་ཚ་འདེད་གཏོང་བཞིན་པ་ནི།  རྒྱ་ནག་གུང་ཁྲན་ཏང་གིས་བོད་བརྒྱུད་ནང་བསྟན་ལ་སྔར་ལྷག་དབང་སྒྱུར་བྱེད་ཐབས་ཀྱི་དཔེ་མཚོན་ཞིག་རེད།  ལས་འགུལ་དེའི་ཐོག་ནས་དགེ་བཙུན་རྣམས་ལ་ཏང་དང་རྒྱལ་ཁབ་ལ་གཅེས་སྤྲས་ཇི་ཙམ་ཡོད་མེད་རྟོག་ཞིབ་བྱེད་བཞིན་ཡོད། 

 སྤྱིར་དགེ་བཙུན་རྣམས་ཀྱི་ནང་པའི་གཞུང་ཆེན་སློབ་གཉེར་ལ་རྟོག་ཞིབ་བྱས་པ་ཡིན་ན་འོས་ཤིང་འཚམ་པ་ཞིག་རེད།  དེ་ལྟར་མིན་པར་རྒྱ་ནག་གཞུང་གིས་དགེ་བཙུན་རྣམས་ལ་བཙན་དབང་འོག  གུང་ཁྲན་ཏང་གི་སྲིད་བྱུས་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས། ལྷག་པར་ཉེ་ལམ་ཏང་གི་ཚོགས་ཆེན་ ༡༩ ཐོག་རྩ་ཁྲིམས་བསྐྱར་བཅོས་ཕྱིན་པ་དེ་དག་སྐོར་ལ་སློབ་གསོའི་ལས་འགུལ་སྤེལ་བ་དེ་ནི་ཆེས་མི་འོས་མི་འཚམ་པ་ཞིག་རེད། 

དགེ་བཙུན་རྣམས་ཀྱིས་ལས་འགུལ་དེ་དག་ལ་མི་འདོད་པའི་རྣམ་འགྱུར་སྟོན་ཚེ་རྒྱལ་ཁབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་མཁན་ཡིན་པའི་ཉེས་མེད་ཉེས་འཛུགས་འོག་འཛིན་བཟུང་དམ་དྲག་སོགས་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་ཆེད་མངགས་སྡང་ཟུག་ཆེན་པོ་བྱས་ནས་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་བོད་བརྒྱུད་ནང་བསྟན་དེ་བཞིན་རྒྱ་ནག་གཞུང་གི་རྒྱུད་གཅིག་ལམ་གཅིག་ཟེར་བའི་ཚོང་འབྲེལ་གྱི་སྲིད་བྱུས་ལ་དགོས་མཁོ་ཆགས་ཡོད་པ་ནི་ཧ་ཅང་ཡ་མཚན་ཆེ་བའི་གནས་སྟངས་ཤིག་རེད། “ཅེས་གསུངས།།

 

 

 

Share with your friends










Submit