ཟླ་བ་ ༡༡ ཚེས ༡ ༢༠༡༨
Published By ngawang thokmey

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ རེས་གཟའ་ཕུར་བུ།

༄༅། །འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་འགོ་མ་འཛུགས་གོང་ཉིན་བཞིའི་སྔོན་ཏེ་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་ཕྱི་དྲིལ་ལས་ཁུངས་དང་། ཇི་ནི་ཝ་སྐུ་ཚབ་དོན་ཁང་གཉིས་ཟུང་སྦྲེལ་ཐོག་ནས་ “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ཇི་ནི་ཝའི་ལྷན་ཚོགས་ ༢༠༡༨”“Geneva Forum-2018: Forum on Human Rights Situation in Regions under the PRC.” ཞེས་པ་ཚུགས་གཏན་འཁེལ་བ་དང་། སྐབས་དེར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གི་མཁས་དབང་དང་། ཤེས་ལྡན་མི་སྣ། གཞུང་འབྲེལ་མི་སྣ། ཁྲིམས་རྩོད་པ། ལས་འགུལ་བ་སོགས་ཕེབས་རྒྱུ་དང་།

དེ་ཡང་ཉིན་གྲངས་གཅིག་རིང་གི་ལྷན་ཚོགས་ཀྱི་དགོས་དམིགས་གཙོ་བོ་ནི། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༦ ཉིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བསྐྱར་ཞིབ་གནང་རྒྱུ་ཡིན་སྟབས། དེར་དམིགས་ནས་སྔོན་ཚུད་ནས་གནད་དོན་དེའི་སྐོར་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐབས་ཆེད་ཡིན་འདུག 

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཚོས་དུས་བཀག་བསྐྱར་ཞིབ་གནང་རྒྱུའི་ཆ་རྐྱེན་དེ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུའི་ཐབས་ལམ་བཟང་པོ་ཞིག་ཡིན་འདུག

དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་”དུས་བཀག་བསྐྱར་ཞིབ་ཀྱི་ཆ་རྐྱེན་དེའི་འོག་ནས་སྲིད་གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག་གིས་རྒྱ་ནག་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་ཐོག་རྩད་ཞིབ་དང་དྲི་བ་གཏོང་རྒྱུས་མཚོན་རྒྱ་ནག་གཞུང་གི་བྱེད་ཕྱོགས་ལ་སྐྱོན་འཛུགས་བྱ་རྒྱུའི་གོ་སྐབས་ཤིག་ཐོབ་ཐུབ་པར་བརྟེན། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་ཇི་ནི་ཝ་སྐུ་ཚབ་དོན་ཁང་གཉིས་ཀྱིས་ཉིན་གཅིག་གི་ལྷན་ཚོགས་འདི་ནི་ཧ་ཅང་གནད་འགག་ཅན་ཞིག་ཆགས་ཡོད། “ཅེས་གསུངས།

ཕྱོགས་མཚུངས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་ཤུགས་སྔར་ལས་ཆེ་རུ་བཏང་བ་མ་ཟད། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་བ་ཚུན་ལ་འཛིན་བཟུང་བཀག་ཉར་དང་། བཙོན་འཇུག དེ་བཞིན་གདུག་རྩུབ་མནར་གཅོད་སོགས་གཏོང་བཞིན་ཡོད་སྐོར་གསུང་དོན།  “རྒྱ་ནག་གཞུང་ལ་དུས་བཀག་བསྐྱར་ཞིབ་མཐའ་མ་དེ་ཕྱི་ལོ་ ༢༠༡༣ ལོར་བྱེད་སྐབས། དེ་སྔོན་གྱི་དུས་སྐབས་བསྐྱར་ཞིབ་ཐེངས་གཉིས་བྱེད་སྐབས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པ་དེ་དག་ཆ་ཤས་ཙམ་ཡང་ལག་བསྟར་བྱེད་མེད་པ་གསལ་རྟོགས་བྱུང་ཡོད། དེ་ནི་གཙོ་བོ་རྒྱལ་ཁབ་ཚང་མས་མཉམ་རུབ་མ་བྱས་པར་བརྟེན་རྒྱ་ནག་གཞུང་ལ་བློ་སྤོབས་དང་གདེང་ཚོད་རྙེད་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་ཤུགས་ཆེ་རུ་བཏང་སྟབས། གནས་སྟངས་དེ་བས་ཚབས་ཆེ་རུ་འགྲོ་བཞིན་ཡོད། ལྷག་པར་བར་ལམ་ནས་བཟུང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་སྲིད་གཞུང་ཁག་ལ་རྒྱ་ནག་གཞུང་གིས་སྔར་དང་མི་འདྲ་བར་འཛེམ་ཟོན་སྤངས་ནས་ཐད་ཀར་སྡིགས་སྐུལ་བཏང་བ་དང་། ཕར་རྒོལ་བྱེད་ཤུགས་ཆེ་རུ་བཏང་ཡོད། “ཅེས་གསུངས།

དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས། “དེ་སྔ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྐུ་ཚབ་ཚོགས་ཆུང་གི་འཐུས་མི་རྒྱ་ནག་ནང་དུ་རྟོག་ཞིབ་ཆེད་བསྐྱོད་རྒྱུར་རྒྱ་ནག་གཞུང་གིས་བསྟུད་མར་འགོག་རྐྱེན་བཟོས་པ་མ་ཟད།  དུས་བཀག་བསྐྱར་ཞིབ་ཐེངས་གཉིས་བྱས་རྗེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་ཚོགས་ཆུང་ཐེངས་གཉིས་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་ཡོད།  སྐབས་དེར་སྐུ་ཚབ་འཐུས་མི་རྣམས་ལ་རྒྱ་ནག་གཞུང་གིས་རང་མོས་ལྟར་ཕེབས་མ་བཅུག་པར་དམ་བསྒྲགས་ཆེན་པོ་བྱས་པ་དང་། ལྷག་པར་ཁོང་རྣམས་བོད་ནང་རྩ་བ་ནས་ཕེབས་མ་བཅུག་པ་རེད།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྐུ་ཚབ་འཐུས་མི་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་ཆོག་པའི་སྙན་ཞུ་ཐེངས་བཅོ་ལྔ་ཙམ་བཏང་ཟིན་ཡང་ད་བར་རྒྱ་ནག་གཞུང་གིས་ཞུ་སྙན་དེ་དག་ལ་ཡ་ལན་རྩ་བ་ནས་མ་བྱས་པར་བརྟེན་རེ་འདུན་དེ་དག་དེ་མུར་ལུས་ཡོད།

རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་དེ་དག་གིས་དངོས་ཡོད་གནས་སྟངས་རྟོག་ཞིབ་མ་ཐུབ་པ་དེ་སྲིད་དུ་རྒྱ་ནག་གཞུང་གིས་བཤད་པའི་སྐད་ཆར་ཡིད་ཆེས་བྱེད་དཀའ་བ་ཞིག་རེད།  ལྷག་པར་བོད་དང་ཡུ་གུར། ལྷོ་སོག་བཅས་ཀྱི་མི་མང་ཐོག་དམ་བསྒྲགས་དང་སྡུག་སྦྱོང་མནར་གཅོད་ཇི་ཙམ་བྱེད་བཞིན་ཡོད་མེད་དེ་བས་ཤེས་རྟོགས་དཀའ་བ་ཞིག་ཡིན།  དེར་བརྟེན་ད་ཐེངས་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་གོ་སྐབས་འདི་བརྒྱུད་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཚོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ངོ་མ་ཇི་ཡིན་གསལ་རྟོགས་ཐུབ་ཐབས་གནང་དགོས་པ་གལ་འགངས་ཧ་ཅང་ཆེ།  དེ་བརྒྱུད་འབྲེལ་ཡོད་རྒྱལ་ཁབ་ཚོས་དེང་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་ནང་དུ་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་དེ་དག་སེལ་ཐབས་གནང་དགོས། “ཞེས་གསུངས།

ཐེངས་འདིར་”རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ཇི་ནི་ཝའི་ལྷན་ཚོགས་ ༢༠༡༨” ཞེས་པའི་ལྷན་ཚོགས་དེའི་སྐབས་ཆོས་དད་དང་སྨྲ་བརྗོད་རང་དབང་། འདུ་འཛོམས་དང་ཚོགས་པ་འཛུགས་རྒྱུའི་རང་དབང་། དེ་བཞིན་དཔལ་འབྱོར་དང་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་རང་དབང་། སྐད་ཡིག་གི་རང་དབང་བཅས་ཐོག་བགྲོ་གླེང་གནང་རྒྱུ་མ་ཟད། རྒྱ་ནག་གཞུང་གིས་རང་དང་བསམ་ཚུལ་མི་མཐུན་པ་རྣམས་ལ་སོ་ཉུལ་བྱེད་པ། དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་བ། དྲ་ལམ་བརྒྱུད་སོ་ཉུལ་བྱེད་པའི་གནས་སྟངས་ཐོག་གོ་བསྡུར་གནང་རྒྱུ་ཡིན་འདུག

ཕྱོགས་མཚུངས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་གནད་དོན་དེ་དག་ཐོག་རྒྱ་ནག་གཞུང་དང་འབྲེལ་བ་གནང་སྐབས་དཀའ་ངལ་གང་འཕྲད་བཞིན་ཡོད་མེད་སོགས་ལའང་གོ་བསྡུར་གནང་རྒྱུ་ཡིན་འདུག གོང་གི་ཉིན་གཅིག་ཚོགས་འདུ་དང་འབྲེལ་ནས་བསམ་འཆར་གཅིག་ནི་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་ལ་བརྩི་བཀུར་དང་ལེན་བྱེད་དགོས་པ་ཞིག་གང་འདྲ་བཟོ་དགོས་མིན་དེ་ཡིན་འདུག 

ཉིན་གཅིག་གི་ལྷན་ཚོགས་དེ་བཞིན་དབུ་འབྱེད་གནང་མཁན་སུད་སི་གྲོས་ཚོགས་འཐུས་མི་ལྕམ་ལི་ས་མ་ཛོན་ Ms Lisa Mazzone མཆོག་ཡིན་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་ཀྱང་གསུང་བཤད་གནང་རྒྱུ་མ་ཟད། རྒྱ་ནག་དང་བོད། ཡུ་གུར། ལྷོ་སོག དེ་བཞིན་ཧོང་ཀོང་བཅས་ཀྱི་གནད་དོན་ཐོག་གི་མཁས་དབང་མི་གྲངས་བཅོ་ལྔས་གཏམ་བཤད་སྤེལ་རྒྱུ་དང་། སྐབས་དེར་བོད་མི་ཆབ་སྲིད་བཙོན་ཟུར་འགོ་ལོག་འཇིགས་མེད་ལགས་ཕེབས་ཞུགས་གནང་རྒྱུ་ཡིན་འདུག་པ་བཅས།། 

Share with your friends










Submit