ཟླ་བ་ ༡༡ ཚེས ༥ ༢༠༡༨
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༥ རེས་གཟའ་ཟླ་བ། 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་སུད་སི་གནས་སྡོད་བོད་མི་ ༢༠༠ ལྷག་ལ་ལྔ་དང་ལྔ་བཅུའི་འཆར་སྣང་དང་། མ་འོངས་བོད་དོན་ལས་འགུལ་སྤེལ་ཕྱོགས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག  ངོ་བོ་བཅས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་གལ་གནད་སྐོར་གསུང་བཤད་གནང་འདུག

དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་ཞིག་ཡིན་པའི་ཆ་ནས་ས་གནས་ཡུལ་མི་དང་མཐུན་སྒྲིལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་།  གཞི་རྩའི་བོད་མི་ཚོས་བོད་མི་རིགས་ཀྱི་ཐུན་མིན་ངོ་བོ་རྣམས་རྒྱུན་འཛིན་ཐུབ་པ་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་ཡིན་པ་དང་། 


སུད་སི་དང་ལེག་ཊེན་སི་ཊེན་བོད་མིའི་གཟའ་མཇུག་སློབ་གྲྭ་ནས་བོད་ཀྱི་སྐད་ཡིག་ཙམ་མ་ཟད། བོད་མིའི་ཐུན་མིན་གཞས་ཞབས་བྲོ་སོགས་བོད་རིགས་གཞོན་སྐྱེས་ཚོར་སློབ་ཁྲིད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་དེར་བསྔགས་བརྗོད་གནང་འདུག ཕྱོགས་མཚུངས་ལོ་ལྟར་སུད་སི་དང་ལེག་ཊེན་སི་ཊེན་བོད་མིའི་སྐད་ཡིག་སློབ་གྲྭ་ཕན་ཚུན་དབར་བོད་ཡིག་འབྲི་རྩོམ་འགྲན་སྡུར་གོ་སྒྲིག་གནང་བཞིན་ཡོད་པ་ནི་རྗེས་སུ་ཡི་རངས་དང་དགའ་འོས་པ་ཞིག་ཡིན་སྐོར་གསུངས། 

གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་རྒྱལ་མང་གཙོའི་ཡུལ་གྲུ་ཁག་ཏུ་བོད་རིགས་སྤྱི་མཐུན་ཚོགས་པ་ལྟ་བུ་བརྒྱུད་བོད་རིགས་སྤུན་ཟླ་ཚོས་བོད་ཀྱི་དུས་ཆེན་ལོ་གསར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ།  དེ་བཞིན་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སོགས་དུས་ཆེན་ཁྱད་པར་ཅན་དེ་དག་སྲུང་བརྩི་ཞུ་རྒྱུ་གལ་ཆེ་ཡིན་པ་མ་ཟད།  མི་རབས་རྒན་པ་ཚོས་བོད་རིགས་གཞོན་སྐྱེས་ཚོར་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སློབ་ཁྲིད་གནང་སྟེ་བོད་ཀྱི་སྐད་ཡིག་དེ་བཞིན་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་བྱེད་རྒྱུ་གལ་ཆེ་ཡིན་སྐོར་གསུངས།

ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གྲོགས་པོ་རྙིང་པ་ཚོར་འབྲེལ་བ་གནང་མུས་ཐོག་གྲོགས་པོ་གསར་པ་གང་མང་བཟོ་དགོས་པའི་བཀའ་སློབ་ལམ་སྟོན་སྩལ་བ་རྣམས་སྙིང་བཅངས་དགོས་པ་དང་།   ཕྱི་ལོ་ ༢༠༡༨ ལོ་འདི་ནི་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་གཉིས་ཀྱིས་གཙོས་བོད་མི་གནས་ཡུལ་གཞུང་མང་གཉིས་དང་འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུས་དང་ཞུ་བཞིན་པ་ལྟར།  འབྲེལ་ཡོད་གནས་ཡུལ་གཞུང་མང་གཉིས་ནས་ཀྱང་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ལ་དགའ་ཚོར་ཧ་ཅང་གནང་བ་མ་ཟད།  མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་བཞིན་ཡོད་སྐོར་གསུངས།

གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་བོད་རིགས་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་ལས་འཆར་ཁག་ངོ་སྤྲོད་དང་། ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་དེ་བཞིན་འཛིན་སྐྱོང་དང་དཔལ་འབྱོར་གཉིས་ཀྱི་ཐད་ནས་འཐུས་ཤོར་མེད་པར་ཚགས་ཚུད་འགྲོ་བཞིན་ཡོད་པའི་སྐོར་སོགས་གསུངས་རྗེས་དྲི་བར་ལན་འདེབས་ཁ་གསལ་གནང་ཡོད་པ་དང་བཅས། །

Share with your friends










Submit