ཟླ་བ་ ༡༡ ཚེས ༢༠ ༢༠༡༨
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༠ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཉི་མ་ཉིན་ཁེ་ན་ཌའི་གཞུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་ལས་འཆར་སླད་རོགས་དངུལ་ཨ་སྒོར་ས་ཡ་ལྔ་དང་འབུམ་བཞི་གནང་རྒྱུའི་ཡོངས་ཁྱབས་གསལ་བསྒྲགས་གནང་ཡོད། 

དེ་ཡང་ཊོ་རན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་གངས་ལྗོངས་ཆོས་ལྡན་གླིང་ཚོགས་ཁང་དུ་ཐུགས་རྗེ་ཆེ་ཞུའི་དགོང་དྲོའི་གསོལ་སྟོན་ལྷན་འཛོམས་ཀྱི་ལས་རིམ་དབུ་འཛུགས་མ་ཞུས་གོང་ཁེ་ན་ཌ་གཞུང་ནས་བོད་མིའི་སྒྲིག་འཇུགས་ཀྱི་ཤེས་ཡོན་ལས་འཆར་སླད་ཨ་སྒོར་ས་ཡ་ ༥་༤ རོགས་སྐྱོར་གནང་རྒྱུའི་གསལ་བསྒྲགས་གནང་ཡོད།

སྐབས་དེར་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་ར་ནི་ Arif Virani མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ཆེད་དུ་མགྲོན་འབོད་གནང་བར་ཧ་ཅང་དགའ་པོ་བྱུང་།  བྱིིས་པ་ཆུང་ཆུང་རྣམས་ནས་ཕེབས་བསུ་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁེ་ན་ཌའི་གཞུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་ལས་འཆར་སླད་རོགས་དུངལ་ཨ་སྒོར་ས་ཡ་ལྔ་དང་འབུམ་བཞི་གནང་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། གོང་དུ་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་ར་ནི་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་ལས་འཆར་ཆེད་རོགས་དངུལ་གསལ་བསྒྲགས་གནང་བ་ལྟར། རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་བོད་མིའི་གཞོན་སྐྱེས་སློབ་ཕྲུག་ཆེད་དུ་རོགས་དངུལ་ས་ཡ་ལྔ་ལྷག་ཙམ་གནང་ཡོད། རོགས་དངུལ་གནང་རྒྱུ་དེ་བཞིན་ལོ་ལྔ་རེར་མུ་མཐུད་གནང་རྒྱུ་ཆེད་མངགས་བཟོས་ཡོད། དེ་ལྟར་བཟོ་དགོས་དོན་ནི། མ་འོངས་པར་བཀའ་ཤག་གི་རོགས་དངུལ་ཐད་སེམས་ཁྲལ་མི་དགོས་པ་དང་། ཕྱག་ལས་མཇུག་སྐྱོང་ཐུབ་རྒྱུའི་ཆེད་ཡིན། 

གཞན་ཡང་རོོགས་དངུལ་ཐོག་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་ར་ནི་མཆོག་གིས་སྐུ་ལས་ཧ་ཅང་བསྐྱོན་ཡོད། ཁོང་ལྟ་བུ་མེད་ན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་ལས་འཆར་ཆེད་རོགས་དངུལ་ཧ་ལམ་ཐོབ་མེད། དེ་སྔོན་རོགས་དངུལ་འགའ་ཤས་ཤིག་ཐོབ་ཡོད་ཀྱང་ཕྱིས་སུ་གཞུང་གི་སྲིད་བློན་འཕོ་འགྱུར་ཕྱིན་པ་རྣམས་དང་འབྲེལ་བ་གསར་བཟོ་བྱེད་རྒྱུར་དུས་ཡུན་གང་ཙམ་འགོར་ཡོད་པར་བརྟེན་སྐུ་ལས་ཧ་ཅང་བསྐྱོན་གནང་སོང་། སྐུ་ལས་སྐྱོན་པ་བཞིན་གྲུབ་འབྲས་ཀྱང་ཧ་ཅང་བཟང་པོ་ཞིག་སྨིན་ཐུབ་པ་བྱུང་ཡོད། 

ང་ཚོ་ཕལ་ཆེ་བ་བོད་མིའི་སྒྲིག་འཛུགས་ཀྱི་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་གནང་སྟེ་འཚར་ལོངས་བྱུང་བ་ཤ་སྟག་ཡིན། གཞི་རྩའི་ད་ལྟ་ཨ་རི་དང་། ཁེ་ན་ཌ་ལ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་བཞིན་ཡོད་པར་བརྟེན་རྒྱ་གར་འཕགས་པའི་ཡུལ་དུ་བོད་མིའི་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་མུ་མཐུད་སྤྲོད་རྒྱུ་ཙམ་མ་ཟད། ཤེས་ཡོན་དེ་བཞིན་སྤུས་ཚད་ལྡན་པ་ཞིག་སྤྲོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། རོགས་དངུལ་དེ་བྱུང་བར་བརྟེན་རང་བཞིན་གྱི་ཤེས་ཡོན་་ཡར་རྒྱས་འགྲོ་གི་རེད། དེར་བརྟེན་ཐོག་མར་ཁེ་ན་ཌ་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་ཡང་དེ་རིང་འདིར་ཕྱི་སྲིད་རོགས་དངུལ་སྡེ་ཚན་གྱི་ལས་བྱེད་ཕེབས་ཡོད། 

སྐུ་ཞབས་ཨ་རིབ་ཝི་ར་ནི་མཆོག་གིས་ང་རང་ཨོ་ཊ་བར་ག་དུས་ཡོང་བ་ཡིན་ནའང་དམིགས་བསལ་དུས་ཚོད་བཏོན་ནས་གྲོས་ཚོགས་ནང་མགྲོན་འབོད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐུ་ཚབ་དོན་གཅོད་གྲོས་ཚོགས་སུ་བཅར་ཡོད་སྐོར་ངོ་སྤྲོད་གནང་བཞིན་ཡོད། ཕྱོགས་གཅིག་ནི་ངོ་སྤྲོད་དེ་བཞིན་སྐར་མ་གཉིས་གསུམ་རིང་ཡིན་ནའང་ཕྱོགས་གཞན་ཞིག་ནས་སྐུ་ཞབས་ཁོང་ནི་བོད་ཀྱི་རྩ་དོན་དང་བོད་མི་རྣམས་ལ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་དང་ཤ་ཞེན་ཡོད་པའི་རྣམ་པ་སྟོན་གྱི་ཡོད། རྒྱ་ནག་གཞུང་གི་གནོན་ཤུགས་ཇི་ལྟར་ཤུགས་ཆེ་སྤྲད་ནའང་། བོད་དོན་དང་བོད་མིར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་མཁན་ཞིག་ཡིན་པ་ཙམ་མ་ཟད། ད་ཐེངས་ཁེ་ན་ཌའི་གྲོས་ཚོགས་ནང་བོད་དོན་ཐོག་འགན་འཁྱེར་མཁན་གཙོ་བོ་དང་ཕན་ཐོགས་ཆེ་ཤོས་ནི་ཁོང་ཆགས་ཡོད་པར་བརྟེན་བོད་མི་ཞིག་དང་ཁྱད་པར་རྩ་བ་ཉིད་ནས་མེད་པར་ངོས་ལེན་བྱེད་བཞིན་ཡོད། 

སྤྱིར་སྐུ་ཞབས་ཨ་རིབ་ཝི་ར་ནི་མཆོག་ནི། རྒྱ་གར་འཕགས་པའི་ཡུལ་དུ་འཁྲུངས་པ་ཞིག་ཡིན་ཞིང་། བོད་མི་མིན་ནའང་བོད་མི་དང་ཁྱད་པར་མེད་པའི་ཐོག་ནས་བོད་དོན་སྒང་ལ་ཕྱག་ལས་ཧ་ཅང་ཤུགས་ཆེ་གནང་མཁན་ཞིག་ཆགས་ཡོད་སྟབས། འདིར་གནས་པའི་བོད་མི་ཚང་མས་མཁྱེན་དགོས་རྒྱུ་ཞིག་དང་། ཐུགས་ལ་འཇགས་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་གསུང་བཤད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ན་ཌ་གཞུང་དང་། ལྷག་པར་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་ར་ནི་མཆོག་ Arif Virani མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེ་མེས་མེ་ལོ་ནི James Maloney མཆོག སྐུ་ཞབས་སེ་ཝན་སེ་པན་ཇི་མེན་ Sven Spengeman མཆོག་བཅས་ལ་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་གནང་སྟེ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས། །

Share with your friends










Submit