ཟླ་བ་ ༡༡ ཚེས ༣༠ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣༠ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ Aleksey Orlov མཆོག་བཞུགས་སྒར་རྡ་སར་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཡོད།

དེ་ཡང་རུ་སོག་ཆེ་བསྟོད་སྐུ་ཚབ་ཏེ་ལོ་རིན་པོ་མཆོག་གིས་ཐེངས་འདིར་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་བཞུགས་སྒར་རྡ་སར་ཕེབས་དགོས་དོན་སྐོར་གསུང་དོན། “ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁུལ་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ Republic of Kalmykia སྲིད་འཛིན་མཆོག་བཞུགས་སྒར་རྡ་སར་ཕེབས་ཏེ་གནས་ཆུང་སྐུ་རྟེན་མཆོག་དང་མཇལ་འཕྲད་གནང་བ་རེད། དེ་ནི་ཟླ་བ་གཉིས་ཙམ་གོང་སྐུ་རྟེན་མཆོག་ཨུ་རུ་སུར་ཕེབས་སྐབས་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཏུའང་ཕེབས་ཡོད།  དེར་བརྟེན་ད་ཐེངས་སྲིད་འཛིན་མཆོག་རྡ་སར་ཕེབས་སྐབས་དང་བསྟུན་སྐུ་རྟེན་མཆོག་དང་མཇལ་འཕྲད་ཞུས་པ་ཞིག་རེད། 

ལྷག་པར་སྲིད་འཛིན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་སྟེ།  སྤྱིར་དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་སྤྱི་དང་།  ཡང་སྒོས་ཨུ་རུ་སུ་དང་རྒྱ་ནག  དེ་བཞིན་ཨར་རྒྱ་ཡུལ་གཉིས་ཀྱི་འབྲེལ་བའི་འཕེལ་རིམ་ཙམ་མ་ཟད།  ཨུ་རུ་སུ་དང་ཨ་རིའི་དབར་ཆབ་སྲིད་ཀྱི་འབྲེལ་བའི་སྐོར་ལ་དབུ་ཁྲིད་རྣམ་གཉིས་བཀའ་མོལ་ལྷུག་པོ་བྱུང་འདུག སྐབས་དེར་སྲིད་འཛིན་མཆོག་གིས་ཨུ་རུ་སུའི་ནང་ཡོད་པའི་ནང་པ་དང་། ལྷག་པར་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་རྣམས་ཀྱིས་མ་འོངས་པར་ཡང་བོད་དོན་ཐོག་སེམས་འཚབ་དང་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་འཛིན་མཆོག་ལ་ཐུགས་རྗེ་ཆེ་ཞུས་གནང་སོང་། ” ཞེས་རིན་པོ་ཆེས་གསུངས། 

ཡང་མུ་མཐུད་གསུང་དོན། “སྲིད་འཛིན་མཆོག་དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་༸རྒྱལ་བའི་གཟིམས་ཆུང་མཇལ་ཁར་བཅར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་མོལ་ལྷུག་པོ་མཛད་པ་རེད།  སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བོད་དང་སོག་པོའི་དབར་ཡུན་རིང་ལོ་རྒྱུས་ཀྱི་འབྲེལ་བ་ནི་ཐུན་མོང་མ་ཡིན་པ་ཞིག་དང་གཏིང་ཟབ་པོ་ཡོད་པའི་སྐོར་དང་།  ལྷག་པར་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་སྩལ་ཡོད་པ་མ་ཟད། མ་འོངས་པར་ཨུ་རུ་སུའི་ནང་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལས་འགུལ་འགོ་བཙུགས་ཏེ་སློབ་གྲྭ་ཁག་གི་ནང་དུ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་ཚན་ངོ་སྤྲོད་གནང་ཐུབ་པ་ཡིན་ན་ཡག་པོ་འདུག་ཅེས་བཀའ་སློབ་སྩལ་སོང་།  

ཕྱི་ཟླ་ ༡༢ ཚེས་ ༢ ཉིན་ནི་ཁལ་མུཀ་མི་མང་གི་ལོ་གསར་སྲུང་བརྩི་ཞུ་སྲོལ་ཡོད།  དེ་ཉིན་དགའ་ལྡན་ལྔ་མཆོད་ཆེན་མོ་ཡིན་སྟབས་ཁལ་མུཀ་མི་མང་ཚོས་ཉིན་དེར་ལོ་གསར་བརྩི་སྲོལ་ཡོད།  དེར་བརྟེན་ཐེངས་འདིར་ལོ་གསར་བསླེབ་ལ་ཉེ་བའི་སྐབས་དང་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་མཆོག་བརྒྱུད་ཁལ་མུཀ་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད་སྐོར་བཀའ་སློབ་སྩལ་སོང་། ཞེས་རིན་པོ་ཆེས་གསུངས། །

Share with your friends










Submit