Published By ngawang thokmey

༢༠༡༨ ཟླ་ ༡༡ ཚེས་ ༩ རེས་གཟའ་པ་སངས།

༄༅། །བཞུགས་སྒར་རྡ་ས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཕྱི་ལོ་༢༠༡༨ ཟླ་ ༡༡ ཚེས་༨ ཉིན་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༤ ཉིན་བོད་ཨ་མདོ་རྔ་པའི་ནང་སླར་ཡང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲི་བྱུས་ཁག་ལ་ཞུ་འབོད་སླད་གཞོན་སྐྱེས་རྡོ་པོ་ལགས་ཀྱིས་རང་ལུས་མེ་རུ་བསྒྲོན་ནས་ “༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས། གསེར་༸ཞལ་མྱུར་ཏུ་མཇལ་བར་ཤོག” ཅེས་སྐད་འབོད་བྱས་ནས་མཐར་འདས་གྲོངས་སུ་གྱུར་ཡོད་འདུག

དེ་ཡང་རྔ་པ་རྫོང་ཆོ་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་བ་ནས་ཡིན་པ། མིང་ལ་རྡོ་པོ། རང་ལོ་ ༢༣། ཕ་མིང་ལ་གཅོད་པ། མ་མིང་ལ་འཕྲིན་ལས་སྐྱིད་ཡིན་ཞིང་ཨ་མ་ལགས་ལོ་ཤས་གོང་ནས་གྲོངས་འདུག

བར་ལམ་ནས་དམ་པ་ཁོང་ཨ་ཞང་འཇམ་དཔལ་གྲགས་པ་ཚང་གི་ནང་དུ་གཏན་སྡོད་བྱས་ནས་ཡོད་འདུག ཁོང་འདས་གྲོངས་སུ་སོང་པའི་རྗེས་སུ་སྐུ་ཕུང་རྒྱ་གཞུང་གིས་འཕྲོག་ཡོད་མེད་དང་ཤུལ་ལུས་ནང་མིའི་གནས་སྟངས་ཅི་ཡིན་སོགས་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད།

བྱ་སྐོར་མ་སྡེ་བ་ནི་དེང་སང་རྒྱ་གཞུང་གིས་བཅད་བགོས་བྱས་པའི་རྔ་པ་རྫོང་ཆོ་རྗེ་མ་ཡུལ་ཚོའི་རུ་ཆེན་གཉིས་པ་ཡིན་པ་དང་། འཚོ་ཐབས་ནི་འབྲོག་ལས་ལ་བརྟེན་པའི་འབྲོག་སྡེ་ཞིག་ཡིན་འདུག འདི་ནི་ད་བར་ཤེས་རྟོགས་ཐུབ་པའི་ཨ་མདོ་རྔ་བའི་ནང་བྱུང་བའི་རང་ལུས་མེ་སྲེག་གནང་མཁན་ ༤༡ ཡིན་འདུག

དེ་ཡང་ཕྱི་ཟླ་ ༡༡ ཚེས་ ༤ ཉིན་རྡོ་པོ་ལགས་ཀྱིས་རང་ལུས་མེར་སྲེག་གནང་ནས་ཉིན་གསུམ་གྱི་རྗེས་ཏེ་ཕྱི་ཚེས་ ༦ ཉིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་འབྲེལ་ཡོད་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་གིས་དུས་བཀག་བསྐྱར་ཞིབ་གནང་ཡོད་འདུག  སྐབས་དེར་རྒྱལ་ཁབ་བཅུ་གཉིས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་དམ་བསྒྲགས་ཧ་ཅང་བྱེད་བཞིན་པར་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་ཡང་། གནད་དོན་དེ་དག་ཐོག་རྒྱ་ནག་གཞུང་གིས་ངོས་ལེན་རྩ་བ་ནས་མ་བྱེད་པའི་ཁར་རྒྱལ་ཁབ་དེ་རྣམས་ཀྱིས་རྒྱ་ནག་གཞུང་ལ་མ་ཉེས་ཁ་གཡོག་བྱེད་པ་དང་།  ཆབ་སྲིད་ཀྱི་གཡོ་འཁྲུལ་ཡིན་སྐོར་བཤད་ནས་བོད་ནང་གི་བོད་མི་ཚོར་དཀའ་ངལ་ཡོད་པ་ངོས་ལེན་ནམ་ཡང་བྱེད་མེད། །

Share with your friends










Submit