ཟླ་བ་ ༡༡ ཚེས ༥ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༥ རེས་གཟའ་ཟླ་བ།

༄༅། །སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ཇི་ནི་ཝ་སྐུ་ཚབ་དོན་ཁང་གཉིས་ཟུང་སྦྲེལ་ཐོག་ ༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ༢༠༡༨ ལོའི་ཇི་ནི་ཝའི་ལྷན་ཚོགས།༽ ཞེས་ཇི་ནི་ཝར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་འབྲེལ་ཡོད་ཚོགས་མིའི་རྒྱལ་ཁབ་ཁག་གིས། རྒྱ་ནག་གཞུང་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་མ་གནང་གོང་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་དང་ཡུ་གུར། དེ་བཞན་ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་གསལ་རྟོགས་ཐུབ་ཆེད་ལྷན་ཚོགས་ཤིག་གོ་སྒྲིག་གནང་ཡོད།

དེ་ཡང་ལྷན་ཚོགས་ཐོག་ཆབ་སྲིད་བཙོན་ཟུར་གྲྭ་མགོ་ལོག་འཇིགས་མེད་ལགས་ཀྱིས་གསུང་བཤད་གནང་དོན། ཐོག་མར་འདིར་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངའི་མིང་ལ་མགོ་ལོག་འཇིགས་མེད་ཟེར། ང་ལ་མཚོན་ན་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་དང་སྲུང་སྐྱོབ་བྱེད་མཁན་ཞིག་དང་། གློག་བརྙན་བཟོ་མཁན་ཞིག་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་འོག་མནར་གཅོད་གང་མང་མྱངས་པའི་བཙོན་ཟུར་ཞིག་ཀྱང་ཡིན།
གློག་བརྙན་ཅིའི་ཕྱིར་བཟོས་པ་རེད། ཅེས་དྲི་བ་ཡོང་བཞིན་ཡོད། གློག་བརྙན་བཟོ་དགོས་དོན་ནི། རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་དང་རྒྱལ་ཁབ་སོ་སོར་མགོ་སྐོར་བཏང་ནས་བོད་ཀྱི་རིག་གཞུང་དང་། དཔར་འབྱོར། ཁོར་ཡུག་བཅས་པར་ཧ་ཅང་ཡར་རྒྱས་བཏང་ཡོད་ཅེས་དྲིལ་བསྒྲགས་རྫུན་མ་མང་པོ་བྱས་པ་དང་། ཕྱི་ལོ་ ༢༠༠༨ ལོའི་ཨོ་ལེམ་པིཀ་རྩེད་འགྲན་སླད་དྲིལ་བསྒྲགས་རྫུན་མ་མང་པོ་སྤེལ་བ་རེད།
འོན་ཀྱང་འཇིགས་བྲལ་གློག་བརྙན་ནང་བོད་ཀྱི་དངོས་ཡོད་གནས་སྟངས་གང་ཡིན་པ་གསལ་པོར་བསྟན་ཡོད། འཇིགས་བྲལ་ཞེས་པའི་དངོས་ཡོད་གློག་བརྙན་བཟོས་པ་ལ་བརྟེན་ནས་ཕྲན་རང་ཐེངས་གསུམ་འཛིན་བཟུང་བྱས་པ་རེད། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་པོ་ཡོང་ནས་ང་ཐེངས་དང་པོ་འཛིན་བཟུང་བྱས་པ་རེད། དེའི་སྐོར་རྒྱས་པར་བཤད་ན་དུས་ཚོད་འགོར་རྒྱུ་རེད།

རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ཉིན་གྲངས་ ༥༡ རིང་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང་བ་རེད། མནར་གཅོད་གཏོང་སྟངས་སྡུག་ཤོས་ནི་ལྕགས་ཀྱི་རྐུབ་བཀྱག་ཅིག་གི་ཐོག་ནས་ངའི་རྐང་ལག་བཞི་གར་ལྕགས་ཀྱི་གསེང་ནས་འཛེར་མ་ཤ་གསེང་ལ་ཟུག་འགྲོ་མཁན་བཞི་བརྒྱབ་རྗེས། རྐང་ལག་བཞི་རྒྱབ་ནས་དམ་པོ་བཅིངས་ནས། གནམ་བཏགས་བྱས་ཏེ་མནར་གཅོད་གཏོང་བ་དང་མཉམ་དུ་ངོ་གདོང་ལ་གློག་གི་འོད་འཁྱུགས་ནས་གདོང་པ་བསྲེགས་པ་སོགས་བཙོན་ལས་བྱེད་སྟངས་ཤིག་འདུག་པ་ལྟར། ཁོང་ཚོ་ཉེན་རྟོག་པས་ང་ལ་བཙོན་ལས་བྱས་ཏེ། གནམ་བཏགས་བྱེད་སྟངས་མ་འདྲ་བ་ཐེངས་ ༩ ཙམ་བྱས་སོང་བ་དང་། གཅར་རྡུང་གཏོང་སྟངས་དེའི་རིགས་ཀྱི་ན་ཟུག་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། དགོང་མོའི་ཆུ་ཚོད་ ༩ པ་ཙམ་ནས་གནམ་བཏགས་བྱས་ཏེ། ཞོགས་པ་བར་བཞག་སོང་། དེ་ནི་ང་གནམ་བཏགས་བྱས་པའི་དུས་ཚོད་རིང་ཤོས་རེད། སྐབས་དེར་ང་ལ་རྒྱུན་ལྡན་མིན་པའི་ཚོར་བ་མ་འདྲ་བ་ཞིག་བྱུང་བ་ནི། ངའི་ཁོག་པའི་ཁ་རལ་ཏེ། ངའི་གློ་སྙིང་མཆིན་གསུམ་ཆ་ཚང་ས་ལ་འཐོར་སོང་བསམ་པ་དེ་འདྲ་བྱུང་། ཕྱི་ལུས་པོའི་སྟེང་མནར་གཅོད་གཏོང་སྟངས་སྐོར་མདོར་བསྡུས་ནས་ཞུས་པ་ཡིན་ན་དེ་ཙམ་ཡིན། རྒྱས་པར་ཉིན་གྲངས་གཉིས་རིང་ཞུ་དགོས་ན་ཞུ་རྒྱུ་ཡོད།

ཕྱི་ལུས་པོར་མནར་གཅོད་བཏང་བ་ནང་བཞིན། ནང་སེམས་ལའང་མནར་གཅོད་གཏོང་གི་ཡོད། ནང་སེམས་ལ་མནར་གཅོད་གཏོང་སྟངས་དེ་ལས་འཆི་སོང་ན་ཡག་པ་འདུག་སྙམ་པ་དེ་འདྲ་ཡོང་གི་འདུག ནང་སེམས་ལ་མནར་གཅོད་གཏོང་སྟངས་ཐོག་རྒྱ་ནག་གཞུང་ཧ་ལས་པའི་མཁས་པོ་རེད། ང་ཚོའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་དགོས་ཟེར་བ་དང་། བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱེད་དགོས་པ། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་ཞི་རྒོལ་མིན་པར་རྡུང་གཅོག་འཕྲོག་བསྲེགས་ཀྱི་དྲག་རྒོལ་ཡིན་པར་ངོས་ལེན་བྱེད་ན་ཁྱེད་རང་ལ་ཕྲན་བུ་གུ་ཡངས་ཡོད་ཅེས་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མི་བོད་ནང་བཏང་ཡོད་སྐོར་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ཧ་ལས་པའི་མ་རབས་ཡོད་ཅེས་དེ་དག་ཚང་མ་ཁྱེད་ཀྱིས་བཤད་ན་གུ་ཡངས་ཡོད་ཟེར། དེ་དག་ནི་ནང་སེམས་ལ་མནར་གཅོད་གཏོང་སྟངས་ཤིག་རེད།

ཕྱི་ལོ་ ༢༠༠༩ ལོར་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་གྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་ཐེངས་གཉིས་པ་བྱས་པ་རེད། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༢ ཉིན་ང་འཛིན་བཟུང་ཐེངས་གསུམ་པ་བྱས་པ་རེད། འཛིན་བཟུང་བྱས་ནས་ཟླ་བ་གཉིས་རྗེས་རྒྱ་ནག་གཞུང་གིས་འཇིགས་སུ་རུང་བ་དང་བསམ་ཡུལ་ལས་འདས་པའི་གསལ་བསྒྲགས་ཤིག་སྤེལ་འདུག་པའི་ངས་མི་བསད་པའི་ནག་ཉེས་ཡོད་རབས་དང་། སུ་ཞིག་གིས་ང་མཐོང་བ་དང་རྒྱ་དམར་གྱི་ཉེན་རྟོག་པ་ལ་རྩིས་སྤྲོད་བྱས་ཚེ། རྩིས་སྤྲོད་བྱེད་གླར་རྒྱ་སྒོར་ཁྲི་ ༢༠ ཐམ་པ་སྤྲད་ངེས་ཡིན་རབས་སོགས་ཁྱབ་བསྒྲགས་བྱས་ཡོད། དེ་ལྟ་བུའི་ཛ་དྲག་གནས་སྟངས་དང་ཚེ་སྲོག་གི་ཉེན་ཁའི་འོག་ལོ་གཅིག་དང་ཟླ་བ་བརྒྱད་རིང་རི་བྲག་འདྲ་མིན་ནང་གབ་ཞོར་འགྲོ་ཞོར་བྱས་ནས་དཀའ་ལས་དུ་མ་མྱངས་མཐར། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༨ ཉིན་བཞུགས་སྒར་རྡ་སར་འབྱོར་བ་དང་། དེ་རྗེས་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༡ ནང་སུད་སིར་འབྱོར་བ་རེད།
འདས་པའི་ལོ་གསུམ་རིང་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་དང་། གྲོས་ཚོགས། མི་མང་། སློབ་ཕྲུག དེ་བཞིན་ཨ་རི་དང་ཨོ་སི་ཊོ་ལི་ཡ་ལ་སོགས་པའི་རྒྱལ་ཁབ་སོ་སོར་བོད་དོན་ཞུ་གཏུག་དང་བོད་དོན་ལས་འགུལ་སླད་གོ་སྐབས་གང་ཡོད་སར་ཕྱིན་ནས་ལས་འགུལ་སྤེལ་དང་སྤེལ་མུས་ཡིན། 

དེ་རེས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་འཚོགས་ཀྱི་ཡོད། དེ་སྔ་ཡིན་ནའང་བསྐྱར་ཞིབ་ཐེངས་ཁ་ཤས་བྱས་ཡོད་ནའང་འདོད་བློ་ཁེངས་པ་ཞིག་བྱུང་མེད། དེར་བརྟེན་ད་ཐེངས་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་གོ་སྐབས་འདི་བརྒྱུད་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཚོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ངོ་མ་ཇི་ཡིན་གསལ་རྟོགས་ཐུབ་ཐབས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་ནང་དུ་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་དེ་དག་སེལ་ཐབས་གནང་རོགས། ཞེས་འབོད་སྐུལ་དང་རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཡོངས་ཀྱི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  །

Share with your friends










Submit