ཟླ་བ་ ༡༡ ཚེས ༣ ༢༠༡༨
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣ རེས་གཟའ་སྤེན་པ། 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ཇི་ནི་ཝ་སྐུ་ཚབ་དོན་ཁང་གཉིས་ཟུང་སྦྲེལ་ཐོག་ནས་ “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ༢༠༡༨ ལོའི་ཇི་ནི་ཝའི་ལྷན་ཚོགས་” “Geneva Forum-2018: Forum on Human Rights Situation in Regions under the PRC.” ཞེས་པ་ཚོགས་ཡོད། 

དེ་ཡང་ཐེངས་འདིའི་ཚོགས་འདུའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་མཁས་དབང་དང་། ཤེས་ལྡན་མི་སྣ། གཞུང་འབྲེལ་མི་སྣ། ཁྲིམས་རྩོད་པ། ལས་འགུལ་བ་སོགས་མགྲོན་འབོད་གནང་བ་ལྟར། བོད་དང་། ཡུ་གུར། ལྷོ་སོག་པོ། ཧོང་ཀོང་བཅས་ཀྱི་སྐུ་ཚབ་རྣམས་ཚོགས་འདུའི་ཐོག་ཕེབས་ཏེ་རྒྱ་ནག་གཞུང་གིས་རང་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པའི་སྐབས་དང་བསྟུན། བོད་དང་། ཡུ་གུར། ལྷོ་སོག་པོ། ཧོང་ཀོང་བཅས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་སྐོར་གསུང་བཤད་གནང་།

ཕྱི་ལོ་ ༢༠༡༨ ལོའི་ཇི་ནི་ཝའི་ལྷན་ཚོགས་ཐོག་ཕེབས་པའི་དམིགས་བསལ་སྐུ་མགྲོན་སུད་སི་གྲོས་ཚོགས་འཐུས་མི་ལྕམ་ལི་ས་མ་ཛོ་ནེ་ Lisa Mazzone མཆོག་གིས་གསུང་དོན། ཡུ་རོབ་རྒྱལ་ཁབ་ཁག་གི་ནང་ནས་བོད་མི་གནས་སྡོད་བྱེད་མཁན་མང་ཤོས་སུད་སི་རྒྱལ་ཁབ་ཆགས་ཡོད་ཀྱང་། སུད་སི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ཚིག་གཅིག་ཀྱང་མ་བཤད་པར་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ཆིངས་ཡིག་བཞག་པ་རེད།  སུད་སི་གཞུང་གིས་ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུད་སི་ལ་མགྲོན་འབོད་ཞུས་མེད་པ་མ་ཟད། ད་ལྟའི་ཆར་སུད་སི་གཞུང་གིས་རྒྱ་ནག་གཞུང་དང་ལྷན་འབྲེལ་ལམ་ཟབ་ཏུ་གཏོང་བཞིན་ཡོད། ང་ལ་མཚོན་ན་འདི་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད་ཅེས་དང་། ཕྱོགས་མཚུངས་བོད་དོན་གཙོ་བོར་གྱུར་བའི་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བསྐྱར་གསོ་ཡོང་བར་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན། ཞེས་གསུངས། 

སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི། འདས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ལ་བསྐྱར་ཞིབ་དང་། ད་ལྟ་བོད་དང་། ཡུ་གུར། ལྷོ་སོག་པོ། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་དཀའ་ངལ་འཕྲད་བཞིན་པ་དེར་མཉམ་འབྲེལ་རྒྱལ་ཚོགས་རང་གིས་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་དགོས་པ་སོགས་འབོད་སྐུལ་ཞུ་ཆེད་ཡིན་སྐོར་གསུངས།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། རྒྱ་ནག་དམར་ཤོག་ཚོགས་པ་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ། དེ་བཞིན་འཛམ་གླིང་གི་ཕྱོགས་གང་སར་སླེབས་ཡོད་སྟབས། ཡང་ན་ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་འཕོ་འགྱུར་གཏོང་དགོས་པ་དང་། དེ་མིན་རྒྱ་ནག་དམར་ཤོག་ཚོགས་པས་ཁྱེད་ཚོ་འཕོ་འགྱུར་གཏང་ངེས་རེད། ཅེས་དེ་གཉིས་འདེམས་ཀ་ལྟ་བུ་ཡིན་པའི་སྐོར་གསུངས།

ཕྱི་ལོ་ ༢༠༡༨ ལོའི་ཇི་ནི་ཝའི་ལྷན་ཚོགས་ཐོག་བོད་དང་། རྒྱ་ནག ཡུ་གུར། ལྷོ་སོག་པོ། ཧོང་ཀོང་བཅས་ཀྱི་སྐུ་ཚབ་རྣམ་པས་གཏམ་བཤད་གནང་ཡོད་པ་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་རང་ཉིད་ཀྱིས་བོད་ནང་དངོས་སུ་མཐོང་ཐོས་མྱོང་གསུམ་བྱུང་བ་རྣམས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་སྐོར་གསལ་བཤད་གནང་།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༦ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བསྐྱར་ཞིབ་གནང་རྒྱུ་ཡིན་འདུག་པ་བཅས། །

Share with your friends










Submit