ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊིམ་ཀེན་Tim Kaine མཆོག་མཇལ་འཕྲད་དང་སྦྲགས་འཚམས་འདྲིའི་མཇལ་དར་ཕུལ་འདུག སྐབས་དེར་གྲོས་ཚོགས་འཐུས་མི་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མཇལ་འཕྲད་གནང་བའི་སྐོར་དྲན་གསོ་གནང་བ་མ་ཟད། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་འདུག
ཕྱོགས་མཚུངས་སྐབས་དེར་སྐུ་ཚབ་དོན་གཅོད་ནས་གྲོས་ཚོགས་འཐུས་མི་ཁོང་ལ་རྒྱ་རིགས་མཁས་དབང་ཞིག་གིས་བྲིས་པའི་དཀའ་སྡུག་གིས་མནར་བཞིན་པའི་བོད། ‘Tibet in Agony’ ཅེས་པའི་དེབ་གཅིག་ཕྱག་རྟགས་སུ་ཕུལ་འདུག མཇལ་འཕྲད་སྐབས་མཁན་པོ་བསམ་གྲུབ་ལགས་དང་བསྟན་ཆོས་རྒྱ་མཚོ་ལགས། བསྟན་གྲོལ་ལགས། ཨ་རིའི་སྐུ་ཚབ་དོན་ཁང་གི་ལས་བྱེད་བསྟན་འཛིན་དཔལ་སྐྱིད་ལགས་བཅས་ཡོད་འདུག
དེ་ཡང་སྐུ་ཞབས་ཊིམ་ཀེན་མཆོག་ནི་ཨ་རིའི་མངའ་སྡེ་ཝིར་ཇི་ནི་ཡའི་Virginiaསྲིད་སྐྱོང་Governorགནང་མྱོང་ཡོད་པ་དང་། ཝ་ཤིང་ཊོན་མངའ་ཁུལ་གྱི་ས་གནས་བོད་རིགས་ཚོགས་པས་དེ་སྔ་ཁོང་ལ་ཞུ་ཡིག་གཅིག་ཕུལ་བ་བརྒྱུད། རྒྱ་རིགས་སུ་འདྲ་ཞིག་ཨ་རིའི་ས་གནས་གང་དུ་སྐྱོད་སྐབས་རང་དབང་ཆ་ཚང་ཡོད་པ་ལྟར། ཨ་རིའི་མི་སུ་འདྲ་ཞིག་བོད་ནང་དམ་བསྒྲགས་རྩ་བ་ནས་མེད་པར་འགྲོ་སྐྱོད་ཆོག་པའི་ཆ་རྐྱེན་བཏོན་པ་དེར་ཁོང་གིས་རྒྱབ་སྐྱོར་གནང་འདུག སྐུ་ཞབས་ཊིམ་ཀེན་མཆོག་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ Senate Foreign Relations committee ཚོགས་མི་ཡང་ཡིན་འདུག