ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཉེ་ལམ་ཨིན་ཌོ་ནེ་ཤི་ཡའི་ Indonesia མཚོ་གླིང་ཁུལ་དུ་ས་ཡོམ་གྱིས་རྐྱེན་བྱས་ནས་གློ་བུར་དུ་མཚོ་རླབས་ཤུགས་ཆེ་བརྡོལ་བར་བརྟེན་མཚོ་འགྲམ་དུ་གནས་པའི་མི་གྲངས་ ༨༠༠ ཙམ་རྐྱེན་ལམ་དུ་བཏང་བ་མ་ཟད། སྡོད་ཁང་སོགས་རྒྱུ་ནོར་ལོངས་སྤྱོད་ལའང་གཏོར་སྐྱོན་ཚབས་ཆེ་བཏང་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༩ ཚེས་ ༣༠ ཉིན་ཡུལ་དེའི་སྲིད་འཛིན་སྐུ་ཞབས་ཇོ་ཀོ་ཝི་ཌོ་ཌུ་ Joko Widodo མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བ་བརྒྱུད་ངལ་སེལ་རོགས་དངུལ་ཆེད་ཨ་སྒོར་ཁྲི་ལྔ་གསོལ་སྩལ་མཛད་འདུག དེ་ཡང་ཐུགས་གསོ་མཛད་པའི་གསུང་འཕྲིན་ནང་འཁོད་དོན།
“སུ་ལ་ཝེ་སི་གླིང་ཕྲན་ Sulawesi དུ་ས་ཡོམ་དང་མཚོ་རླབས་ཤུགས་ཆེ་འོག་མི་མང་པོའི་ཚེ་སྲོག་ཤོར་བ་དང་རྒྱུ་དངོས་སོགས་ལ་གཏོར་སྐྱོན་ཚབས་ཆེ་བྱུང་ནས་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད་སྟབས་ངོས་ལ་བློ་ཕམ་ཧ་ཅང་བྱུང་། ངོས་ཀྱིས་སྐུ་ཉིད་མཆོག་དང་གོད་ཆག་འོག་ཚེ་སྲོག་ཤོར་བའི་ཤུལ་ལུས་ནང་མི་སྤུན་མཆེད། དེ་བཞིན་རྨས་སྐྱོན་ཕོག་པའི་མི་མང་པོ་ཞིག་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་སྦྲགས་སེམས་གསོ་ཞུ་བཞིན་ཡོད།
སྤྱིར་རྨས་མ་རྣམས་ལ་སྨན་བཅོས་དང་ངལ་སེལ་ལས་གཞི་སོགས་ཚགས་ཚུད་འགྲོ་བཞིན་ཡོད་པ་ཕྲན་ལ་ཤེས་རྟོགས་ཡོད་ཀྱང་ངོས་ཀྱིས་གདུང་སེམས་མཉམ་སྐྱེ་མཚོན་སླད་ངལ་སེལ་རོགས་དངུལ་ཆེད་ཏཱ་ལའི་བླ་མའི་ཐེབབ་རྩ་བརྒྱུད་ཨ་སྒོར་ཁྲི་ལྔ་ཞལ་འདེབས་འབུལ་རྒྱུ་ཡིན།
སྤྱིར་༡༩༨༢ ལོར་ཕྲན་རང་ཉིད་ཨིན་ཌོ་ནེ་ཤི་ཡའི་བྷུ་རུ་བྷོ་དུར་ Borobudur ནང་པའི་གནས་ཆེན་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་བྱིན་ཅན་ཞིག་ཡོད་པ་དེ་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་། ” ཞེས་འཁོད་འདུག དེ་ཡང་ཕྱི་ཟླ་ ༧ ཚེས་ ༢༨ རེས་གཟའ་པ་སངས་ཉིན་ཡུལ་དེའི་སུ་ལ་ཝེ་སི་གླིང་ཕྲན་དུ་རྒྱ་མཚོའི་འོག་ཏུ་ས་ཡོམ་ཤུགས་ཚད་ ༧.༥ བརྒྱབ་སྟེ་མཚོ་རླབས་ཤུགས་ཆེ་བྱུང་བར་བརྟེན་མི་གྲངས་ ༨༠༠ ཚེ་སྲོག་ཤོར་ཡོད་འདུག་པ་བཅས།