ཟླ་བ་ ༡༠ ཚེས ༣༡ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡༠ ཚེས་ ༣༡ རེས་གཟའ་ལྷག་པ།

༄༅། །རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བསྟི་གནས་ཁང་ India International Centre གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་
“རྒྱ་དཀར་ནག་གཉིས་ཀྱི་ཡུལ་བབ་སྲིད་བྱུས་འཕོ་འགྱུར་འགྲོ་བཞིན་པའི་སྐབས་འདིར་བོད་དེ་གལ་འགངས་ཆེ་བའི་གནད་དོན་ཞིག་མུ་མཐུད་ལྷག་དགོས་དོན་གང་ཡིན་ནམ།“
ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་གནང་འདུག དེ་ཡང་མཁས་དབང་དང་ཆེད་ལས་མི་སྣ། གཞུང་འབྲེལ་མི་སྣ། གསར་འགོད་པ་སོགས་བགྲོ་གླེང་ལྷན་ཚོགས་དེར་མཉམ་ཞུགས་གནང་བ་དང་།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་འབུམ་རམས་པ་སྐུ་ཞབས་སི་དིག་ཝ་ཧིཌ་(Dr.) Siddiq Wahidལགས། འབུམ་རམས་པ་ཡེ་ཤེས་ཆོས་སྒྲོན་ལགས། གཙུག་ལག་སློབ་དཔོན་ལྕམ་མ་དུ་རི་སོན་དི་ Dr. Madhuri Sondhi ལགས་བཅས་དབུ་བཞུགས་ཐོག་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བགྲོ་གླེང་ལས་རིམ་གཙོ་སྐྱོང་གནང་འདུག
བགྲོ་གླེང་སྐབས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་དང་ཁོར་ཡུག་གི་གནས་བབས། ཡུལ་གཉིས་དབར་ཆུ་ལ་བརྟེན་ནས་བྱུང་བའི་དཀའ་རྙོག་བཅས་ས་བབ་ཆབ་སྲིད་གྱི་གནས་སྟངས་ལ་གཞིགས་པའི་སྲིད་བྱུས་ཇི་འདྲ་ཞིག་ལག་བསྟར་གཏན་འབེབས་བྱེད་ཀྱང་བོད་དེ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་མུ་མཐུད་གལ་འགངས་ཆེ་བའི་གནད་དོན་ཞིག་ཏུ་ལྷག་དགོས་དོན་སྐོར་བགྲོ་གླེང་ལྷུག་པོ་གནང་འདུག
སྐབས་དེར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལོ་རྒྱུས་ཐོག་བོད་དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་གལ་གནད་ཆེ་བ་ཙམ་མ་ཟད། ད་ལྟའི་རྒྱལ་སྤྱིའི་ཁོར་ཡུག་གི་གནས་བབས་འོག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁོངས་སུ་ཚུད་ཐབས་ཆེད་འབད་བརྩོན་བྱེད་བཞིན་པའི་རྒྱ་གར་ལ་རྒྱ་ནག་གིས་འགོག་རྐྱེན་ཇི་ལྟར་བཟོ་བཞིན་ཡོད་པའི་སྐབས་འདིར་ཡང། བོད་ཀྱི་གནད་དོན་དེ་ཡུལ་གཉིས་ཀྱི་འབྲེལ་ལམ་ཐོག་མུ་མཐུད་གལ་འགངས་ཆེ་བའི་གནད་དོན་ཞིག་ཏུ་ལྷག་ཡོད་སྐོར་དང་།

རྒྱ་ནག་གི་“རྒྱུད་གཅིག་ལམ་གཅིག་”ཟེར་བའི་ཚོང་འབྲེལ་སྲིད་བྱུས་གསར་པ་དེའི་འོག་རྒྱལ་སྤྱིའི་ཁྱོན་དུ་དཔལ་འབྱོར་གྱི་གནོན་ཤུགས་འོག་ནས་རྒྱལ་ཁབ་གཞན་གྱི་ས་ཆ་བདག་བཟུང་དང་རྒྱལ་ཁབ་གཞན་གྱི་ཆབ་སྲིད་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་བཞིན་པ་དང་། ལྷག་པར་རྒྱ་ནག་གིས་ས་མཚམས་ས་ཁུལ་ཁག་ཏུ་དམག་དོན་རྒྱ་སྐྱེད་ཀྱི་ལས་གཞི་དང་འབྲེལ་བའི་འཛུགས་སྐྲུན་བྱེད་བཞིན་པའི་གནས་སྟངས་དེ་ལ་བརྟེན་ནས་རྒྱ་དཀར་ནག་ཡུལ་གཉིས་དབར་གདོང་ཐུག་བརྒྱག་རྒྱུའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པར་བརྟེན། རྒྱ་གར་གཞུང་གིས་འབྱུང་འགྱུར་རྒྱ་ནག་དང་ལྷན་ཞི་བདེ་བརྟན་ལྷིང་ལྡན་པའི་འབྲེལ་ལམ་ཞིག་སྲ་བརྟན་རྒྱུན་སྐྱོང་དགོས་ན་རྒྱ་ནག་ཐོག་ཕྱི་འབྲེལ་སྲིད་བྱུས་ཇི་འདྲ་ཞིག་གཏན་འབེབས་གནང་སྐབས་བོད་ཀྱི་གནད་དོན་དེ་གཙོ་བོར་འཛིན་དགོས་པ་གསུངས། ཕྱོགས་མཚུངས་གཙུག་ལག་སློབ་དཔོན་ལྕམ་སོན་དི་ Prof. Madhuri Sondhi མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་ཐད་བོད་དེ་ཧ་ཅང་གལ་འགངས་ཆེ་བ་དང་། དེ་སྔ་རྒྱ་གར་གཞུང་གིས་པ་ཀི་སི་ཐན་ Pakistan དགྲ་ཟླ་གཙོ་བོར་འཛིན་ནས་དེར་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ཐད་འབད་བརྩོན་ཧ་ཅང་བྱས་ཡོད། འོན་ཀྱང་རྒྱ་གར་ལ་དཀའ་ངལ་བཟོ་མཁན་ངོ་མ་ནི་རྒྱ་ནག་ཡིན་ཞིང་ཡུལ་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་ནི་དེ་བས་རྙོག་འཛིང་ཆེ་བ་ཞིག་དང་། དེ་སྔ་ནས་ང་ཚོའི་ས་ཆ་མང་པོ་ཞིག་རྒྱ་ནག་གིས་དཀའ་ཚེགས་གང་ཡང་མེད་པའི་ཐོག་ནས་ཧམ་བཟུང་བྱས་རྐྱེན་རྒྱ་ནག་ལ་ཤོར་བ་རེད། ཅེས་སོགས་གསུངས། དེ་བཞིན་འབུམ་རམས་པ་སྐུ་ཞབས་སི་དིག་ཝ་ཧིཌ་ Prof. Siddiq Wahid ནས་ཀྱས་ཉེ་ལམ་ཁོང་ཡུ་གུར་ Xinjiang དུ་ཕེབས་པ་དང་།
རྒྱ་གར་ལ་དཀའ་ངལ་བཟོ་མཁན་རྒྱ་ནག་རེད། དཀའ་ངལ་དེ་དག་ལ་གདོང་ལེན་བྱ་རྒྱུར་གྲ་སྒྲིག་དགོས་ཀྱང་དེ་ལྟར་མེདཔ་དང་། རྒྱ་གར་གཞུང་གིས་ཧི་མཱ་ལ་ཡི་ས་ཁུལ་སྲུང་སྐྱོབ་བྱ་རྒྱུ་གཞི་རྩར་འཛིན་པའི་སྲིད་བྱུས་ཤིག་གཏན་འབེབས་གནང་དགོས་པ་དང་། སྲིད་བྱུས་དེའི་ལྟེ་བར་བོད་ཀྱི་གནད་དོན་འཛིན་དགོས། གང་ཡིན་བརྗོད་ན། རྒྱ་ནག་གཞུང་གིས་བོད་ས་དབང་སྒྱུར་བྱས་རྗེས་ཧི་མཱ་ལ་ཡི་ས་ཁུལ་དེ་དག་རྒྱ་དཀར་ནག་ཡུལ་གཉིས་དབར་འཐབ་རྩོད་ཀྱི་འབྱུང་རྩ་ཞིག་ཏུ་གྱུར་ཡོད། རྒྱ་ནག་གཞུང་གིས་རྒྱ་རིགས་ཧན་གྲངས་མང་མི་རིགས་ཀྱི་དབང་ཤུགས་འོག་རིག་གཞུང་གཅིག་མཚུངས་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་རྒྱ་གར་གྱིས་སྣང་མེད་དུ་བཞག་མི་རུང། དེ་ལྟར་བྱེད་པ་ཡིན་ན་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་དེ་བས་ཚབས་ཆེ་རུ་འགྲོ་ངེས་ཡིན། ཞེས་གསུངས།
གཞན་ཡང་འབུམ་རམས་པ་ཡེ་ཤེས་ཆོས་སྒྲོན་ལགས་ཀྱིས་ཕྱི་ལོ་ ༡༩༦༠།༧༠ སྐབས་བོད་ཀྱི་གནད་དོན་དེ་བོད་མི་ཁོ་ནའི་གནད་དོན་ལྟ་བུར་གནས་ཀྱང་ད་ཆ་ཁོར་ཡུག་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་གང་གི་ཆ་ནས་བོད་དེ་རྒྱ་གར་ལ་གལ་གནད་ཆེ་བ་མ་ཟད། ལྷག་པར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཐོག་རྒྱ་ནག་གཞུང་གིས་བརྩི་མེད་རྡོག་རོལ་བཏང་ནས་ཁྲིམས་འགལ་ཐོག་རྒྱ་སྐྱེད་བྱེད་བཞིན་པའི་གནས་སྟངས་དང་། ཡུལ་གཉིས་དབར་ཆུའི་རྙོག་གླེང་། དེ་བཞིན་རྒྱ་ནག་གཞུང་གིས་ས་བབ་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ཡུལ་དུས་ཚོད་རྩིས་ཀྱི་སྲིད་བྱུས་གཤོམ་བཞིན་པའི་གནས་སྟངས་ཐོག་རྒྱ་གར་གཞུང་གིས་ངེས་པར་གཟབ་གྲུང་བྱེད་དགོས་གལ་དང་། རྒྱ་གར་གཞུང་གིས་རྒྱ་ནག་དང་ལྷན་ཕྱི་འབྲེལ་སྲིད་བྱུས་གཏན་འབེབས་བྱེད་སྐབས་བོད་ཀྱི་གནད་དོན་དེ་གལ་འགངས་ཆེ་ཤོས་སུ་བརྩིས་ནས་རིམ་བཞིན་བོད་ཀྱི་གནད་དོན་གསལ་ཐུབ་ཚེ་བོད་མི་ཙམ་མ་ཟད། རྒྱ་གར་རྒྱལ་ནང་གི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡར་རྒྱས། དེ་བཞིན་རྒྱ་གར་དང་འབྲེལ་ཆགས་པའི་ཨེ་ཤི་ཡའི་མངའ་ཁུལ་ཡོངས་ཀྱི་ཞི་བདེ་བརྟན་ལྷིང་དང་ཡར་རྒྱས་ལའང་ཕན་ཐོགས་ཧ་ཅང་ཡོང་ངེས་ཡིན་སྐོར་གསུངས།
མཁས་དབང་ཁག་གི་གཏམ་བཤད་གྲུབ་མཚམས་དྲི་བ་དྲིས་ལན་གྱི་ལས་རིམ་ཧ་ཅང་ཁྲུག་ཆ་དོད་པོ་བྱུང་འདུག རྒྱ་ནག་གཞུང་གིས་ས་གཞི་དང་རྒྱ་མཚོ། གཙང་ཆུ་ཚུན་ལ་ཆབ་སྲིད་ཀྱི་དམིགས་ཡུལ་འཛིན་ནས་རྒྱ་གར་ལ་ཆབ་སྲིད་ཀྱི་གནོན་ཤུགས་སྤྲད་པ་བརྒྱུད་རྒྱ་གར་གྱི་སྟོབས་ཤུགས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བཞིན་པ་དང་། དཔེར་ན། རྒྱ་ནག་གཞུང་གིས་བོད་ནས་འབབ་པའི་ཡར་ཀླུངས་གཙང་པོ་ Brahmaputra དང་སེངྒེ་གཙང་པོའི་ Indus ཐོག་ཆུ་མཛོད་ཧ་ཅང་ཆེན་པོ་བརྒྱབ་དང་རྒྱག་བཞིན་པར་བརྟེན་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་དབར་རྩོད་གླེང་འབྱུང་བཞིན་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་པ་ཀི་སི་ཐན་ Pakistan དང་ལྷན་གཉིས་མོས་ཆོད་གྱན་བཞག་པ་བརྒྱུད་པ་ཀི་སི་ཐན་ནང་བྷཱ་ཤ་ Bhasha དང་བྷུནཇ་ Bunjiཆུ་མཛོད་ཟེར་བ་ཧ་ཅང་ཆེན་པོ་གཉིས་བརྒྱག་རྒྱུའི་ལས་གཞི་གཏན་འབེབས་བྱས་ཡོད། ཆུ་མཛོད་དེ་གཉིས་ཀྱི་ཆུ་རྒྱུན་ཡོང་ཁུངས་ནི་བྷལ་ཏི་སི་ཐན་གྱི་གིལ་གི་ཏི་Gilgit -Balistanས་གནས་ནས་རྒྱུག་བཞིན་པའི་སེངྒེ་གཙང་པོ་རེད། དེར་བརྟེན་རྒྱ་གར་ལ་ཉེན་ཚབས་ཡོད་པའི་བརྡ་ལེན་གསར་པ་ཞིག་བཏང་བ་རེད། ཆུ་མཛོད་ཆེན་པོ་དེ་འདྲ་བརྒྱབ་པ་དེས་མི་ཙམ་མ་ཟད། ཁོར་ཡུག་ལའང་གནོད་སྐྱོན་ཚབས་ཆེ་བཟོ་རྒྱུ་ངེས་པ་དང་། བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བྱུང་བ་ཡིན་ན་བོད་ཙམ་མ་ཟད། བོད་ཀྱི་ས་འབྲེལ་མངའ་ཁུལ་ཡོངས་ལའང་རང་འབྱུང་གོད་ཆགས་ཀྱི་གནོད་འཚེ་ཚབས་ཆེ་ཕོག་ངེས་རེད། རྒྱ་གར་གཞུང་གིས་རྒྱ་ནག་ཐོག་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་དེར་འཕོ་འགྱུར་མུ་མཐུད་འགྲོ་བཞིན་ཡོད་ཀྱང་འདས་པའི་ལོ་ངོ་ ༦༠ རིང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་བོད་དེ་གནད་དོན་གལ་འགངས་ཆེ་ཤོས་ཤིག་ཆགས་ཡོད། དེར་བརྟེན་ཐེངས་འདིར་བགྲོ་གླེང་སྐབས་རྒྱ་དཀར་ནག་གཉིས་ས་བབས་ཆབ་སྲིད་འཕོ་འགྱུར་འགྲོ་བཞིན་པའི་སྐབས་བོད་དེ་མུ་མཐུད་གལ་འགངས་ཆེ་ཤོས་སུ་གནས་དགོས་དོན་གང་ཡིན་གྱི་དོགས་འདྲི་ཁག་ལ་གསལ་བཤད་བྱ་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་བྱུང་ཡོད་པ་བཅས།།

Share with your friends










Submit