ཟླ་བ་ ༡༠ ཚེས ༡༠ ༢༠༡༨
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ལྷག་པ།

༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ ༡༠ ཚེས ༦ ཉིན་གྱི་སྔ་དྲོ་ཆུ་ཚོད ༨ ཙམ་ནས་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། ཕྱག་རོགས་བོད་རིགས་སྤྱི་མཐུན་འབྲེལ་ལས་བསྟན་འཛིན་ཚེ་དཔག་ལགས་ལྷན་བཅར་གྱིས་སྦོ་སེ་ཊོན་ནས་སྣུམ་འཁོར་ནང་ཕེབས་ཐོན་གྱིས་ཆུ་ཚོད ༡༠ ཙམ་ས་གནས་སུ་འབྱོར།

སྐུ་ཚབ་དོན་གཅོད་ས་གནས་དེར་ཕེབས་དོན་གཙོ་བོ་ནི། ཨེམ་ཧར་སེ་ཊེ་གནས་སྡོད་བོད་མི་ཁྱིམ་ཚང་བརྒྱ་མ་ཟིན་ཙམ་ལས་མེད་ཀྱང་ལོ་བཅུ་ཕྲག་གཅིག་ཙམ་སྔོན་དུ་བོད་རིགས་སྤྱི་མཐུན་ཚོགས་པ་ནང་དཀའ་རྙོག་བྱུང་ནས་ཚོགས་པ་གཅིག་ནང་མེད་པར་སྡེ་ཁག་གསུམ་ཙམ་གྱུར་ནས་མུ་མཐུད་དཀའ་ངལ་ཡོད་པ་ལྟར། ད་ལན་སྐུ་ཚབ་དོན་གཅོད་ཆེད་གཉེར་ས་གནས་སུ་ཕེབས་ནས་ཚོ་ཁག་མི་འདྲ་བ་གསུམ་གྱི་གཙོ་འགན་བཞེས་མཁན་རྣམས་དུས་ཚོད་སོ་སོར་ཆེད་འབོད་ཀྱིས་བོད་རིགས་སྤྱི་མཐུན་གཅིག་ནང་འདོམ་ཐབས་བཀའ་བསྡུར་དང་བསམ་འཆར་ཉན་ཞིབ་གནང་།

དེ་རྗེས་ཚོ་ཁག་མི་འདྲ་བ་གསུམ་ནས་འཐུས་མི་གསུམ་རེ་མཉམ་འཛོམས་ཐོག་བཀའ་བསྡུར་གནང་ནས་མཐར་ཨེམ་ཧར་སེ་ཊེར་བོད་རིགས་སྤྱི་མཐུན་ཚོགས་པ་གཅིག་གི་ནང་ཚང་མ་འདུས་རྒྱུ་དང་། ཚོ་ཁག་རེ་ནས་མི་གསུམ་རེ་གྲུབ་པའི་ཚོགས་ཆུང་གསར་འཛུགས་ཀྱིས་ཟླ་བ་གཉིས་ནང་ཚོགས་པའི་ཁྲིམས་སྒྲིག་ཟིན་བྲིས་གཏན་འབེབས་ཀྱིས་སྐུ་ཚབ་དོན་གཅོད་ལ་སྙན་སེང་དང་། དེ་རྗེས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་གསར་འདེམས་གནང་རྒྱུའི་ཐག་གཅོད་ཀྱིས་ཚན་པ་གསུམ་གྱི་འཐུས་མི་ཚང་མས་དགོངས་པ་ཆེར་བཞེས་ཀྱིས་སྐུ་ཚབ་དོན་གཅོད་ལ་རྒྱབ་སྐྱོར་དང་བརྩི་མཐོང་ཧ་ཆང་ཆེན་པོ་གནང་ནས་ཐག་གཅོད་ལ་ཁས་ལེན་མིང་རྟགས་བཀོད་ཡོད་པ་དང། ཉིན་དེའི་དགོང་མོ་ཆུ་ཚོད ༦ ཐོག་ས་གནས་མི་མང་བརྒྱ་ལྷག་མཉམ་འཛོམས་ཐོག་གྲོས་བསྡུར་ཐག་གཅོད་བྱུང་བ་རྣམས་སྐུ་ཚབ་དོན་གཅོད་ནས་མང་ཚོགས་ལ་གསལ་བསྒྲགས་དང་མང་ཚོགས་ནས་དགའ་བསུའི་རྒྱབ་སྐྱོར་གནང་ཡོད་པ་བཅས། །

Share with your friends










Submit