ཟླ་བ་ ༡༠ ཚེས ༢༩ ༢༠༡༨
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༨  ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཟླ་བ། 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཨུ་ཏར་ཁན་ཌ་དང་། པཎ་ཇབ། ཧར་ཡ་ན། ཇ་མུ་ཀ་ཤི་མིར་བཅས་ཀྱི་ནང་ཆེས་མཐོའི་དཔོན་རིགས་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༠ ཉིན་ནས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ཁུལ་དུ་མངའ་སྡེའི་སྲིད་སྐྱོང་མཆོག་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༢༠ ཉིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སིམ་ལ་ཁུལ་དུ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བྷི་ར་རྗེ་ཀུ་མར་ཨ་ཀར་ཝལ་ (Shri. B.K. Agarwal, Chief secretary of Himachal) ལགས་དང་། ཝི་ཤ་ཝ་ཧིན་དུ་པ་རི་ཤཏ་ཚོགས་པའི་ཧི་མཱ་ཅལ་མངའ་སྡེའི་དྲུང་ཆེ་སྐུ་ཞབས་ནེ་རཱ་ཇ་ (Neeraj Douneriya, Organisation Secretary of Vishva Hindu Parishad) ལགས། ཚོགས་གཞོན་སྐུ་ཞབས་རཱ་རྗེ་ཤརྨ་ (Rajesh Sharma, Vice President of VHP) ལགས། ཧི་མཱ་ལ་ཡ་པ་རི་ཝར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཝི་རེན་དཱར་མོ་ཧཱན་ (Virender Vashesa Mohan, Co-ordinator of Himalaya Parivar) ལགས་བཅས་དང་མཇལ་འཕྲད་གནང་ཡོད་པ་དང་།

ཕྱི་ཚེས་ ༢༡ ཉིན་ནས་རིམ་བཞིན་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཧི་མཱ་ཅལ་མངའ་སྡེའི་ས་གནས་དྲིལ་བསྒྲགས་འགན་འཛིན་སྐུ་ཞབས་སན་ཇེ་ཝན་ཀུ་མར་ (Sanjeevan Kumar, RSS Prant Pracharak) ལགས་དང་། དེ་བཞིན་ཁོང་དང་གོ་ཐོབ་གཅིག་པ་ཡིན་པ་སྐུ་ཞབས་ཨ་ཇེ་ཀུ་མར་ (Ajay Kumar, RSS District Pracharak) ལགས། ཚོགས་པའི་རྒྱུན་ལས་སྐུ་ཞབས་ཝི་རན་དྷར་སི་པེའི་ཡཱ་ (Virander Speiya, RSS State Executive Member) ལགས། ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ར་ཇི་ཀུ་མར་ཝརྨ་ (Raj Kumar Verma, State Co-ordinator) ལགས། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝིར་བྷ་དྷ་ར་སིང་ (Virbhadra Singh,Former Chief Minister of Himachal Pradesh) མཆོག

སིམ་ལ་རྫོང་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པར་རྡིབ་སིང་ (Mr Pradeep Singh, District Congress President) ལགས། ཀོང་རེ་སི་སྲིད་དོན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱན་ཨ་ནེ་རོའི་ཐུ་སིང་ (Ran Anirudh Singh, MLA from Kasumati Shimla Constituency) མཆོག ཀོང་རེ་སི་སྲིད་དོན་ཚོགས་པའི་མངའ་སྡེའི་དྲུང་ཆེ་སྐུ་ཞབས་ར་ཝིན་དྷར་ཐཱ་ཀུར་ (Mr Ravinder Thakur, Congress state Secretary) ལགས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་དམིགས་བསལ་འགན་འཁུར་ལས་བྱེད་སྐུ་ཞབས་མ་ཧིན་དྷར་ཀུ་མར་དྷར་མ་ནི་ (Mr Mahender Kumar Dharmani, OSD to the HP Chief Minister) ལགས། མངའ་སྡེའི་སྲིད་སྐྱོང་མཆོག་གི་སློབ་སྟོན་པ་སྐུ་ཞབས་ཤ་ཤི་ཁནྜ་ཤརྨ་ (Prof. Shashikant Sharma, Advisor to Governor) ལགས།

ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨ་ཅརྱ་ཌེབ་རཊ་ (Archarya Dev Vrat, Governor of HP) མཆོག མངའ་སྡེའི་སྲིད་སྐྱོང་ལས་ཁུངས་ཀྱི་གསར་འགོད་འགན་འཛིན་སྐུ་ཞབས་ཇ་ཡནྜ་ཤརྨ་ (Jayant Sharma, Press Secretary of HP Governor) ལགས། མངའ་སྡེའི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་དང་། ཀོང་རེ་སི་སྲིད་དོན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མོ་ཀེ་ཤི་ཨེག་ནི་ཧོ་ཌེ་རི་ (Mukesh Agnihotri ,President of Opposition Party and Congress MLA from Haroli Constituency) མཆོག་བཅས་དང་མཇལ་འཕྲད་གནང་སྟེ། ཕྱི་ལོ་ ༢༠༡༨ ལོ་འདི་བོད་མིའི་སྒྲིག་འཛུགས་ནས་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར།

སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་གཞུང་དང་འབྲེལ་ཡོད་ཚང་མར་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། བོད་དོན་ཞུ་སྐུལ་ཡིག་ཆ་སོགས་ངོ་སྤྲོད་དེབ་རིགས་ཁག་ཕུལ་གནང་ཡོད་པ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་སྐོར་སྙན་སེང་ཞུས་གནང་ཡོད་པ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་དཔོན་རིགས་མཇལ་འཕྲད་སྐབས་བོད་དོན་གླེང་སློང་དང་། བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་ཐབས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་ ༡༥༢ ཀྱིས་རང་ལུས་མེ་མཆོད་དུ་ཕུལ་ཡོད་པའི་སྐོར། བོད་འདི་རྒྱ་གར་གཙོས་དཀྱིལ་ཤར་ཨེ་ཤི་ཡའི་ནང་གལ་ཆེན་ཇི་ལྟར་ཆགས་ཚུལ། རྒྱ་གར་དབུས་ས་གཉིས་ནས་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་གང་མང་འཇོག་ཐབས། བོད་མི་རྣམས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བདག་གཅེས་ཇི་ལྟར་གནང་ཡོད་པ།

རྒྱ་གར་དབུས་སའི་གཞུང་མང་གཉིས་སྔ་ཕྱི་བར་གསུམ་དུ་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་དཔོན་རིགས་རྣམས་རྡ་ས་བཞུགས་སྒར་དུ་ཕེབས་གནང་ཡོང་རྒྱུའི་རེ་སྐུལ་ཡང་ཞུས་གནང་ཡོད་པ་དང་། སྐབས་དེར་གནད་ཡོད་མི་སྣ་མང་ཆེ་བས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་ཡི་རངས་དང་། ཧི་མཱ་ཅལ་མངའ་སྡེ་ནི་༧གོང་ས་མཆོག་གི་བཞུགས་གནས་ཡིན་པར་བརྟེན། མངའ་སྡེའི་དཔོན་རིགས་ཁག་གིས་དོ་སྣང་ཆེན་པོ་གནང་བཞིན་ཡོད་སྐོར་དང་། དེ་བཞིན་བོད་མིའི་བདེན་དོན་ལ་སྔར་བཞིན་རྒྱབ་སྐྱོར་མུ་མཐུད་ཡོད་སྐོར། རྒྱ་ནག་གཞུང་གི་བཙན་གནོན་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཡོད་ཚུལ་བཅས་གསུངས་གནང་འདུག

ལྷག་པར་དུ་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨ་ཅརྱ་ཌེབ་རཊ་ (Archarya Dev Vrat, Governor of HP) མཆོག་གིས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཞོགས་ཟས་འདེགས་འབུལ་ཞུས་གནང་བ་དང་སྦྲགས། བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་སྐོར་ལ་བཀའ་འདྲི་གནང་བར་སྤྱི་འཐུས་རྣམ་པས་ལན་འདེབས་དང་། བོད་དོན་སྐོར་གསལ་བཤད་གནང་ཡོད་འདུག་པ་དང་། དེ་བཞིན་སྐུ་ཞབས་ཁོང་ནས་རྒྱ་གར་གཞུང་མང་གཉིས་ནས་སྔར་ལྷག་རོགས་རམ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག  དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པ་ (Indo Tibetan Friendship Society) དང་། ཧི་མ་ལ་ཡ་པ་རི་ཝར་ཚོགས་པ། (Himalaya Parivar) ཀི་ནོར་ལ་ཧོལ་སི་པི་ཌི་ནང་པའི་མཐུན་ཚོགས་བཅས་ཚོགས་པ་གསུམ་གྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ་བཅས་དང་ལྷན་འཚོགས་འདུ་ཞིག་ཚོགས་གནང་བ་དང་།

དེའི་སྐབས་སྤྱི་འཐུས་ཚོགས་ཆུང་ནས་བོད་དོན་ཞུ་སྐུལ་གྱི་ལས་རིམ་སྐོར་ངོ་སྤྲོད་དང་། ཚོགས་པ་ཁག་གིས་སྔར་བཞིན་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་དང་། ཚོགས་པ་ཁག་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་དོན་གྲོང་གསེབ་ནས་བཟུང་རིམ་པས་ཁྱབ་སྤེལ་བྱེད་ཐུབ་དགོས་པའི་ལམ་སྟོན་གནང་ཡོད་འདུག་པ་དང་། དེ་བཞིན་ཚོགས་མི་ཁག་གི་བསམ་འཆར་བསྡུ་ལེན་དང་། མ་འོངས་པ་ཧིན་བོད་གཉིས་མཉམ་འབྲེལ་ཇི་དགོས་སྐོར་ནས་བགྲོ་གླེང་ཡང་གནང་ཡོད་འདུག    གོང་གསལ་དཔོན་རིགས་མཇལ་འཕྲད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སིམ་ལ་ལས་ཁུངས་ཀྱི་སྤྱི་ཁྱབ་ལྷན་བཅར་ཞུས་གནང་ཡོད་འདུག

 

Share with your friends










Submit