ཟླ་བ་ ༡༠ ཚེས ༡༩ ༢༠༡༨
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༩ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༩ རེས་གཟའ་པ་སངས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤།༢༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་ཚོགས་ཁང་དུ་བལ་ཡུལ་རྣམ་རྒྱལ་སློབ་གྲྭའི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་གྲངས་ ༥༨ དང་ཐུག་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་ངོ་སྤྲོད་སྙིང་བསྡུས་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ལུང་འདྲེན་ཞུས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ལྔའི་ནང་བོད་ཀྱི་གནད་དོན་གསལ་ཐབས་ཆེད་འབད་བརྩོན་གང་ཡོང་བྱ་རྒྱུ་ཙམ་མ་ཟད། ཅི་སྟེ་འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་ཀྱི་གནད་དོན་མུ་མཐུད་ལྷག་ཀྱང་དེར་གཞིགས་པའི་ད་ལྟ་ནས་གང་བྱེད་དགོས་པ་དང་། གང་བྱེད་ཐུབ་པའི་འཆར་གཞི་ཞིག་དགོས་པ་མཐོང་ནས་བཀའ་ཤག་གི་ལམ་སྟོན་འོག་ཕྱི་དྲིལ་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ནང་ལྔ་དང་ལྔ་བཅུའི་ཆབ་སྲིད་ལྷན་ཚོགས་དང་། འདི་ལོའི་ཟླ་ ༨ ནང་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ལྷན་ཚོགས། དེ་བཞིན་ཕྱི་ཟླ་ ༩ ནང་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་ཀྱི་ལྔ་དང་ལྔ་བཅུའི་རྒྱལ་སྤྱི་ལྷན་ཚོགས་ཚོགས་པའི་སྐོར་ངོ་སྤྲོད་དང་།

གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བདུན་དང་། མང་གཙོའི་ཀ་བ་གསུམ། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གསུམ་བཅས་ཀྱི་ངོ་སྤྲོད་གནང་། མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ལ་མྱོས་རྫས་ངན་གོམས་ཐ་མ་ཉེས་ཐག་ལ་སོགས་སྤྱོད་རྒྱུ་མེད་པའི་སྐོར་དང་། དུས་དང་རྣམ་པ་ཀུན་དུ་ཡ་རབས་བཟང་སྤྱོད་བྱེད་དགོས་པ་གལ་ཆེ་ཡིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་གྲུབ་མཚམས་སློབ་ཕྲུག་རྣམས་ཀྱིས་དྲི་བར་ལན་འདེབས་གནང་།

དེ་རྗེས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་སློབ་ཕྲུག་རྣམས་ལ་སློབ་སྦྱོང་བྱེད་སྐབས་ཕན་ཚུན་གོ་བསྡུར་ངང་ནས་བྱེད་དགོས་སྐོར་དང་། དཔེ་དེབ་གང་མང་ཀློག་དགོས་པ་སོགས་ཀྱི་ལམ་སྟོན་གནང་།

སང་ཕྱི་ཚེས་ ༢༠ ཉིན་སློབ་ཕྲུག་རྣམས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུ་རྒྱུ་ཡིན་འདུག

སྤྱིར་བལ་ཡུལ་རྣམ་རྒྱལ་སློབ་གྲྭའི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་བཞུགས་སྒར་རྡ་ས་ཁུལ་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་བཅུའི་རིང་ཤེས་ཡོན་གྱི་སྐོར་སྐྱོད་ལས་རིམ་ཆེད་ཕེབས་པ་ཞིག་ཡིན་འདུག་པ་བཅས། །

 

 

 

 

 

Share with your friends










Submit