ཟླ་བ་ ༩ ཚེས ༢༥ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༩ ཚེས་ ༢༥ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༧ ཉིན་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ཁི་རི་སི་ཊི་ཡ་ཕི་རི་ལེནྜིས་ Chrystia Freeland མཆོག་གིས་བསྒྲགས་གཏམ་ཞིག་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་བསྐྱོད་རྒྱུར་དམ་བསྒྲགས་མུ་མཐུད་བྱེད་བཞིན་ཡོད་འདུག

དེ་ཡང་བསྒྲགས་གཏམ་ལྟར་ན་ཕྱི་ལོ་  ༢༠༡༦ ལོ་ནས་བཟུང་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཁེ་ན་ཌའི་གཞུང་ཚབ་པ་སྐུ་ཞབས་ཇོན་ཀུ་ལམ་John McCallum མཆོག་གིས་ཁེ་ན་ཌའི་མི་སེར་ཁག་གཅིག་བོད་ནང་འགྲོ་བསྐྱོད་ཆོག་པའི་མཐོང་མཆན་ཞུས་ཀྱང་རྒྱ་ནག་གཞུང་གིས་མཐོང་མཆན་སྤྲད་མེད། འོན་ཀྱང་དུས་ཡུན་དེའི་རིང་ཁེ་ན་ཌའི་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་གཞུང་འབྲེལ་མི་སྣ་ཁག་གསུམ་ལ་མཐོང་མཆན་སྤྲད་ཡོད་པ་མ་ཟད། དེ་སྔ་ལོ་རྒྱུས་ཐོག་མ་གྲགས་པ་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་འཐུས་མི་རྣམས་ལ་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་དང་རྒྱལ་སྤྱིའི་ཡར་རྒྱས་ཚན་པའི་ནང་ཕྱི་ལོ་  ༢༠༡༨ ཟླ་ ༥ ཚེས་ ༨ ཉིན་ཁོ་པ་ཚོར་ཉན་ཞིབ་བྱེད་རྒྱུའི་གོ་སྐབས་ཀྱང་སྤྲད་ཡོད། “ང་ཚོས་རྒྱ་ནག་ལ་ཕར་གོ་སྐབས་གནང་བ་ལྟར་ཚུར་ཡང་གཅིག་མཚུངས་གནང་དགོས། འདི་ནི་གཞི་རྩའི་གཞུང་འབྲེལ་སྲིད་བྱུས་རེད།

འོན་ཀྱང་རྒྱ་ནག་གཞུང་གིས་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་བོད་ནང་འགྲོ་རྒྱུར་མུ་མཐུད་ཆོག་མཆན་བཀའ་འཁྲོལ་ཞུས་པ་དེ་དག་ལ་དགག་བྱ་གནང་བཞིན་ཡོད། དེར་བརྟེན་རྒྱ་ནག་གཞུང་ལ་བོད་ནང་གསང་བ་བྱེད་དགོས་པའི་གནད་དོན་ཞིག་ཡོད་དམ་ཞེས་པའི་དྲི་བ་ཞིག་རང་གྱིས་སླེབ་བཞིན་ཡོད།”ཅེས་ཁེ་ན་ཌ་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་གསུངས།

དེ་ཡང་ཉན་ཞིབ་སྐབས་ཁེ་ན་ཌའི་མང་གཙོ་ཚོགས་པ་གསར་པའི་ཚོགས་མི་ལྕམ་སྐུ་ཧེ་ལེ་ནེ་མཆོག་གིས་པདྨ་དབང་འདུས་ཅན་ལ་དྲི་བ་གནང་བར་ཁོ་པས་ལན་བརྒྱབ་པ་དེ་ལྟར་ན་ཁོ་པས་རང་གི་གཞུང་གི་སྲིད་བྱུས་ཇི་ཡིན་ཁ་གསལ་ཤེས་ཀྱི་མེད་པའི་རྣམ་པ་མངོན་གསལ་ཆགས་ཡོད། དེ་ཡང་ཁོ་པས་ལན་འདེབས་བྱེད་དོན། གལ་ཏེ་ཁྱེད་ཚོས་ས་གནས་རང་སྐྱོང་གི་ཁྲིམས་སྒྲིག་ལ་བརྩི་བཀུར་ཞུས་པ་ཡིན་ན་བོད་ནང་ཕེབས་ནས་གཟིགས་སྐོར་གནང་རྒྱུའི་གོ་སྐབས་འབུལ་བཞིན་ཡོད། ཅེས་བརྗོད། །

Share with your friends










Submit