ཟླ་བ་ ༩ ཚེས ༢ ༢༠༡༨

 ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢ རེེས་གཟའ་ཉི་མ། 

  ༄༅། །དེ་རིང་གི་ཉིན་མོ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མི་མང་ཚོགས་ལ་མང་གཙོའི་ལམ་ལུགས་གསོལ་བསྩལ་གནང་བར་བཀའ་དྲིན་རྗེས་དྲན་དང་བོད་ཀྱི་ལོ་རྒྱུས་ནང་ཉིན་མོ་གལ་ཆེན་ཞིག་ཆགས་ཡོད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཕྲ་དུས་ནས་བོད་ཀྱི་སྤྱི་ཚོགས་ལམ་སྲོལ་ལ་དུས་དང་འཚམས་པའི་སྒྱུར་བཅོས་དགོས་གལ་གཟིགས་ཏེ་བོད་རྒྱལ་ཁབ་ཆེན་པོའི་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་རྗེས་ཕྱི་ལོ་ ༡༩༥༢ ལོར་ལེགས་བཅོས་ལས་ཁུངས་ཟུར་འཛུགས་དང་། ཕྱི་ལོ་ ༡༩༥༤ ལོའི་ལོ་མཇུག་ཏུ་ལྷ་སར་གྱོད་ཞིབ་ལས་ཁུངས་ཆེད་འཛུགས་མཛད་པ་སོགས་བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་རྙིང་པར་བཅོས་སྒྲིག་ཚུལ་བཞིན་མཛད་པའི་རྨད་བྱུང་ཐུགས་བསྐྱེད་ཟབ་མོའི་རླབས་ཆེན་མཛད་བཟང་རིམ་པར་བསྐྱངས་པའི་ཐུགས་རྗེའི་གཟི་བྱིན་ཁོ་ནས་བོད་འབངས་རྣམས་ལ་བདེ་སྐྱིད་རྫོགས་ལྡན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ཐུགས་བརྩོན་ཆེ་བསྐྱེད་གནང་བཞིན་པའི་སྐབས། སྟབས་མ་ལེགས་པར་ཕྱི་ལོ་ ༡༩༤༩ ལོར་ཙམ་ནས་འགོ་བཙུགས་པའི་རྒྱ་ནག་དམར་ཤོག་གི་དབང་ཤུགས་དང་དྲག་གནོན་བོད་ཁྱོན་ཡོངས་སུ་ཇེ་ཆེར་སོང་སྟེ་མཐར་བོད་ཆོས་ལྡན་གྱི་ཞིང་ཁམས་དེ་ཉིད་ཡོངས་སུ་བཙན་བཟུང་བྱས་ཏེ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་གྱུར་བ་དང་། གང་ཉིད་ཀྱི་ཞབས་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ལྷག་བཙན་བྱོལ་དུ་འབྱོར། ༸གོང་ས་མཆོག་རྒྱ་གར་དུ་ཞབས་སོར་འཁོད་མ་ཐག་ཐུགས་བསྐྱེད་དང་མཛད་འགན་ཆེ་བཞེས་ཀྱིས་རྒྱ་གར་ནང་བོད་ཕྱི་ནང་གཉིས་ཀྱི་ངོ་ཚབ་ཡོངས་སུ་མཚོན་པའི་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་རྟེན་གཞི་གསར་འཛུགས་གནང་བ་དང་། རིམ་གྱིས་ཆབ་སྲིད་ཀྱི་ལམ་ལུགས་དེང་གི་མང་གཙོའི་ལམ་ལུགས་ལ་བསྒྱུར་གནང་མཛད་དེ་བོད་མི་མང་ཚོགས་ལ་ཡིད་ཆེས་བློས་མངགས་ཀྱིས་མང་གཙོ་གསོལ་རས་གནང་སྟེ་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ཆོས་ལུགས་དང་ཆོལ་ཁའི་བོད་མི་མང་སྤྱི་འཐུས་སྐབས་དང་པོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔར་མཇལ་ཕྱག་དམ་འབུལ་ཞུས་པ་ནས་བོད་མིའི་མང་གཙོའི་ལམ་ལུགས་འདི་ཐོག་མར་དབུ་བརྙེས་པ་ཞིག་ཡིན།

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་སྲོལ་གསར་གཏོད་མཛད་ཅིང་། བོད་མིའི་རང་དབང་འཐབ་རྩོད་ཀྱི་རང་བཞིན་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་དགོས་པའི་ལམ་སྟོན་མཐའ་འཁྱོངས་མཛད་འབྲས་བོད་ཀྱི་བདེན་དོན་དང་བོད་མིར་འཛམ་གླིང་ཁྱོན་ཡོངས་ནས་རྒྱབ་སྐྱོར་ཐོབ་ཡོད་པ་མ་ཟད། རྒྱ་ནག་སྐམ་ས་ཆེན་པོའི་ཤེས་ཡོན་ཅན་དང་། བློ་གཟུ་བོར་གནས་པའི་རྒྱ་རིགས་མི་སྣ་མང་པོ་ནས་ཀྱང་རྒྱབ་སྐྱོར་འཐོབ་བཞིན་ཡོད། ཡང་སྒོས་༸གོང་ས་མཆོག་གི་དབུ་འཁྲིད་འོག་བོད་ཆོལ་གསུམ་གོང་བུ་གཅིག་ཏུ་བསྒྲིལ་ཏེ་ཆོལ་ཁ་དང་ཆོས་བརྒྱུད་དབྱེ་བ་མེད་པར་སྒྲིག་འཛུགས་འདྲ་མིན་ནང་ཚང་མ་འདྲ་མཉམ་དང་། མཉམ་གནས་ཀྱིས་རང་དབང་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་བྱེད་བཞིན་པ་ནི་ང་ཚོས་དགའ་སྤོབས་བྱ་འོས་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་བོད་མི་ཚང་མའི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྙིང་ཁོངས་རུས་པའི་གཏིང་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ནི་སྲིད་དོན་གྱི་ཤོག་ཁག་མེད་པའི་མང་གཙོའི་ལམ་ལུགས་ཡིན་པ་གང་ཞིག་ལ་སྲིད་འཛིན་གྱི་ལམ་སྲོལ་དང་། གྲོས་ཚོགས་ཀྱི་ལམ་སྲོལ་གཉིས་ཀའི་ལེགས་ཆ་ཡོད་པ། བོད་མི་མང་གཙོའི་ལམ་ལུགས་ནི་གྲོས་ཚོགས་དབུས་སུ་བཞག་པའི་མང་གཙོའི་ལམ་སྲོལ་དམིགས་བསལ་བ་ཞིག་ཆགས་ཡོད། དེ་ཡང་ཕྱི་ལོ་ ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་གནང་མཛད་པ་དང་། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་སྐབས་ ༡༡ པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་བ་ནས་བཟུང་སྤྱི་འཐུས་ལྷན་ཚོགས་འདི་བཞིན་ཁྲིམས་བཟོ་ལྷན་ཚོགས་མིང་དོན་མཚུངས་པའི་ཐོག་བསྐྱོད་ཐུབ་ཡོད། ཕྱི་ལོ་ ༡༩༩༢ ལོར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་བསྐྱངས། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་ཞུ་རྒྱུའི་ལམ་སྲོལ་གཏོད། ལྷག་པར་དུ་ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་འཕྲལ་ཡུན་དགག་དགོས་དུ་མར་གཟིགས་ཏེ་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་རྣམས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་བསྩལ་གནང་གིས་རླབས་ཆེན་དཀྱེལ་ཆེའི་དགོངས་པ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་ཁྲིམས་སྒྲིག་ཁག་གཞི་རྩར་བཟུང་ནས། བོད་མིའི་སྒྲིག་འཛུགས་ཀྱི་བྱེད་སྒོ་མཐའ་དག་ཁྲིམས་ཀྱི་དབང་བསྒྱུར་གྱིས་མང་གཙོའི་འགྲོ་ལུགས་ཐོག་སྐྱོད་བཞིན་པ་དང་། དེང་སྐབས་འཛམ་གླིང་ནང་གཞན་ལ་ངོམ་ཆོག་པའི་མང་གཙོའི་ལམ་ལུགས་ཀ་བ་གསུམ་ལྡན་གྱི་ཆ་ལག་ཚང་བ་ཞིག་ལག་བསྟར་བྱེད་བཞིན་ཡོད།

གཞིས་བཞུགས་བོད་མི་རྣམས་ལ་མང་གཙོའི་རང་དབང་ལོངས་སུ་སྤྱོད་རྒྱུ་ལྟ་ཞོག་རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་ཏེ་མི་ལོ་ ༦༠ ལྷག་གི་རིང་། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་མཚོན་བྱེད་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་། ཡུལ་གོམས་གཤིས་ལུགས། བོད་ཀྱི་ཁོར་ཡུག་སོགས་བོད་ཀྱི་ཁྱད་ཆོས་རྣམས་རྨེག་མེད་རྩ་གཏོར་དུ་གཏོང་ཆེད། བོད་མི་རྣམས་དམངས་གཙོ་བཅོས་བསྒྱུར་ཞེས་པའི་དམར་ཤོག་དབང་ཆ་གཅིག་སྡུད་ཀྱི་སྒྲོམ་གཞིའི་ནང་བཙན་བཟུང་བྱས་པ་ནས་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་སོགས་ལོ་བཅུ་ཕྲག་མང་པོའི་རིང་ལ་སྲིད་བྱུས་མི་འདྲ་བ་བསྟུད་མར་སྤེལ་ཡོད། བོད་ནང་གི་རང་རེའི་སྤུན་ཟླ་རྣམས་ཀྱིས་ཕྱི་ལོ་ ༡༩༨༠ ནང་ནས་འགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་དངོས་སུ་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་གྲངས་ ༡༥༢ ཀྱིས་བོད་ནང་རྒྱ་གཞུང་གིས་ལག་བསྟར་བྱས་པའི་སྲིད་བྱུས་དང་། སློབ་གསོའི་ལམ་ལུགས་ལ་མོས་མཐུན་དང་འདོད་པ་མེད་པར་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་རིམ་པ་བྱུང་ཡོད། ཆབ་སྲིད་ཀྱི་ཉེས་མིང་འོག་བོད་མི་མང་པོ་འཛིན་བཟུང་བཙོན་བཅུག་གིས་ཁྲིམས་ཆད་བཏང་བ་དང་། ད་ལྟའང་བོད་དུ་རྒྱ་མིའི་མི་སེར་སྤོ་ཤུགས་ཀྱི་ལས་གཞི་རྒྱ་ཆེ་རུ་གཏོང་བཞིན་པ། ལྷག་པར་དུ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ཟིན་ཏེ་བོད་མིའི་དགོས་འདུན་དང་རྒྱ་མི་རིགས་ཀྱི་དགོས་འདུན་བཏོན་པ་གཉིས་ལས་རྒྱ་མི་རིགས་ཀྱི་དགོས་འདུན་རྣམས་སྔོན་ལ་སྒྲུབ་ཐུབ་ཐབས་བྱས་པ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ལ་འདི་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད་པ་དང་། ཉེ་ལམ་ཕྱི་ཟླ་ ༧ པའི་ནང་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པས་གྱོད་གཞི་འདིའི་ཐོག་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བའི་ནང་ཁྲིམས་གཏུགས་བྱས་པར་ཁྲིམས་ཁང་ནས་ཕྱིར་སློག་བྱས་ཏེ་དྲང་བདེན་གྱི་ཁྲིམས་བཤེར་མ་བྱས་པ་ནི་རྒྱ་གཞུང་ངོ་གནོང་དགོས་པའི་བྱེད་ཐབས་ཤིག་ཏུ་གྱུར་ཡོད་པ་སོགས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་དག་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད།

ཉེ་སྔོན་ཕྱི་ཟླ་ ༧ པའི་ནང་རྒྱ་གཞུང་གིས་བོད་ཕྲུག་ལོ་ན་བཅོ་བརྒྱད་མ་སོན་པར་དགོན་པའི་ནང་ཞུགས་ན་མི་རིགས་ལ་གྱོང་གུན་རེད་ཅེས་བརྗོད་དེ། བོད་ཀྱི་ཐུན་མིན་གོམས་གཤིས་དང་ལམ་ལུགས་ལ་རྩིས་མེད་ཀྱིས་ཟི་ཁྲོན་ཞིང་ཆེན་ཟེར་བའི་ཁོངས་རྫ་སེར་ཤུལ་དགོན་པ་དང་། ལི་ཐང་དགོན་ཆེན་སོགས་ནས་གྲྭ་ཕྲུག་མང་པོ་ཞིག་བཙན་ཁྲིད་བྱས་ཏེ་དགོན་པར་ཆོས་ཞུགས་མ་བཅུག་པར་རྒྱ་གཞུང་གི་བཙུགས་པའི་སློབ་གྲྭ་ཁག་ནང་སློབ་འཇུག་དགོས་པའི་བཙན་བཀའ་བཏང་བ་དང་། དེ་བཞིན་ལྷ་ས་གྲོང་ཁྱེར་ནང་སློབ་ཕྲུག་གི་ཁྱིམ་བདག་ཚོར་དབྱར་དུས་གུང་གསེང་རིང་བུ་ཕྲུག་རྣམས་ལ་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་གཅིག་གྱུར་གྱི་བཀའ་རྒྱ་བཏང་བ་བཅས་ནི་འགྲོ་བ་མིའི་ཐོབ་ཐང་དང་། ཆབ་སྲིད་ཀྱི་ཐོབ་ཐང་། སྨྲ་བརྗོད་རང་དབང་གི་ཐོབ་ཐང་། ཆོས་དད་རང་དབང་གི་ཐོབ་ཐང་བཅས་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད།

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༤ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༦ བར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཆེས་མཐོའི་ཚོགས་འདུ་བསྐོང་ཚོགས་གནང་སྐབས་ཨ་རིའི་སྲིད་འཛིན་གཞོན་པ་མཱ་ཁལ་པཎ་སི(Michael Pence)མཆོག་གིས་ཨ་རིའི་ཊམྤ་སྲིད་གཞུང་གི་ངོས་ནས་འཛམ་གླིང་གི་ཆོས་དད་རང་དབང་ཐད་ལ་དོ་འཁུར་ཆེན་པོ་བཞེས་གནང་གི་ཡོད་པ་སོགས་ངོ་སྤྲོད་གནང་བ་དང་། བོད་འདི་རྒྱ་ནག་གི་འོག་ལ་ལོ་ངོ་ ༧༠ མིན་ཙམ་གྱི་རིང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བའི་དཀའ་སྡུག་མྱངས་ཡོད་པ་རེད་ཅེས་གསུངས་ཏེ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་བ་དང་། དེ་འདྲའི་དཀའ་སྡུག་འོག་གི་མི་སྣ་ཚོ་དང་མཉམ་དུ་ཨ་རིའི་གཞུང་མང་ནས་གདུང་སེམས་མཉམ་སྐྱེད་གནང་བཞིན་ཡོད་ཅེས་གསུངས་པ་མ་ཟད། རྒྱ་ནག་རྒྱལ་ཁབ་དེ་བཞིན་ཕྱི་ལོ་ ༡༩༩༩ ནས་ད་བར་བསྟུད་མར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ལོ་ལྟར་བཏོན་པའི་རྒྱལ་སྤྱིའི་ནང་ཆོས་དད་རང་དབང་གི་དཀའ་སྡུག་ཡོད་པའི་རྒྱལ་ཁབ་ཀྱི་ཐོ་གཞུང་ནང་དུ་སླེབས་ཀྱི་ཡོད་པ་སོགས་ཐེར་འདོན་གནང་ཡོད།

ཉེ་ཆར་ཕྱི་ཟླ་ ༨ པའི་ནང་ལྡི་ལི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ནས་རྒྱ་གཞུང་གིས་ད་ལྟའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་དང་། སྲིད་བྱུས་དེ་དག་མཚམས་འཇོག་བྱ་དགོས་པའི་གྲོས་ཆོད་འཇོག་གནང་བ་དང་། འཛམ་གླིང་ཁྱོན་ཡོངས་ནས་བོད་རྒྱའི་དཀའ་རྙོག་སེལ་སླད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཀྱང་གནང་ཡོད། དེ་བཞིན་ད་ལྟའི་བོད་ནང་གི་བོད་མིའི་ཛ་དྲག་གནས་སྟངས་ལས་སྐྱོབ་ཐབས་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སོགས་ཀྱི་སླད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། ཡུལ་གྲུ་གང་སར་གནས་པའི་བོད་རིགས་རྣམས་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གཞུང་དང་། གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་སོགས་ལ་ཞུ་སྐུལ་རིམ་པར་ཞུས་དང་ཞུ་མུས་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། ཨ་རིའི་གཞུང་དང་གྲོས་ཚོགས། ཡུ་རོབ་མཐུན་ཚོགས། གཞན་ཡང་གཞུང་དང་གྲོས་ཚོགས་མང་པོའི་ནང་བོད་དོན་གླེང་སློང་དང་གྲོས་ཆོད་ཀྱང་མང་པོ་འཇོག་ཐུབ་པ་བྱུང་ཡོད།

དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སི་རུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འབྲེལ་ཡོད་སོགས་ཀྱིས་སྔ་ཕྱི་ཞུ་སྐུལ་རིམ་པ་བརྒྱུད་དེ་ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་གིས་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་གྲོས་ཚོགས་ཀྱིས་བཏོན་པའི་ཁྲིམས་འཆར་(The Reciprocal Access to Tibet Act) ནང་དོན། རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ། རྒྱ་ནག་མི་སེར་གཞན་བཅས་ཨ་རིའི་ནང་ཡོང་ཆོག་གི་ཡོད་པ་ནང་བཞིན་ཨ་རིའི་གཞུང་འབྲེལ་མི་སྣ་དང༌། གསར་འགོད་པ། ཨ་རིའི་མི་སེར་གཞན་བཅས་ཀྱང་རྒྱ་ནག་དང་། དམིགས་བསལ་བོད་ཀྱི་ས་ཁུལ་གང་སར་བསྐྱོད་ཆོག་པའི་ཐོབ་ཐང་གཅིག་མཚུངས་དགོས་པའི་ཁྲིམས་འཆར་བཏོན་ཡོད་པར་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་(the U.S. House Judiciary Committee) གི་ཚོགས་མི་ཚང་མས་སྤྱི་མོས་རྒྱབ་སྐྱོར་ཐོབ་ཡོད། འོན་ཀྱང་གོང་གསལ་ཁྲིམས་འཆར་དེ་བཞིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་རྒྱབ་སྐྱོར་དང་ཁྲིམས་སུ་བཅའ་ཐུབ་པའི་འབོད་སྐུལ་དང་རེ་བ་ཞུ་བཞིན་ཡོད། དེའི་ཐོག་ནས་བོད་ནང་གི་དངོས་ཡོད་གནས་སྟངས་འཛམ་གླིང་མི་མང་གིས་ཤེས་རྟོགས་ཐུབ་རྒྱུ་དང་། གཞིས་བཞུགས་བོད་མི་ཚོའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་རྙེད་ཐུབ་པའི་ཡིད་ཆེས་ཞུ་བཞིན་ཡོད།

འདས་པའི་ལོ་ངོ་ ༤༠ ལྷག་ཙམ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བ་གཞིར་བཟུང་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་རྒྱུན་འཁྱོང་གིས་བོད་རྒྱའི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་བཞིན་པ་དང་། རྒྱ་གཞུང་ནས་ཀྱང་རིམ་པས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་འགན་ཁུར་ལེན་དགོས་རྒྱུ་ནི་དུས་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་མ་བརྟེན་ཐབས་མེད་དུ་འགྱུར་ངེས་པས་རྒྱ་གཞུང་གི་འགོ་འཁྲིད་རྣམས་ཀྱིས་མཁྲེགས་བཟུང་གི་སྲིད་བྱུས་དོར་ཏེ་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་བརྒྱུད་དེ་གང་མགྱོགས་འབྲེལ་མོལ་འགོ་འཛུགས་དགོས་རྒྱུའི་འབོད་སྐུལ་བསྐྱར་ནན་བྱ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་མའི་དགོངས་གཞི་ལྟར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་། བོད་ཀྱི་སྐད་ཡིག རིག་གཞུང་སོགས་མི་ཉམས་རྒྱུན་འཛིན། འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཞག་གིས་མང་གཙོའི་ཁེ་དབང་ལོངས་སྤྱད་དེ། བོད་དོན་བདེན་མཐའ་གསལ་ཐབས་དགོས་རྒྱུ་ནི་བོད་མི་ཡོངས་ཀྱི་འཕྲལ་ཕུགས་ཀྱི་དམིགས་ཡུལ་གལ་ཆེ་ཞིག་ཆགས་ཡོད་ན། དེའི་ཆ་རྐྱེན་ལྟ་བུ་མེད་དུ་མི་རུང་བ་ནི་ཆོལ་གསུམ་བོད་མི་ཡོངས་རྫོགས་མཐུན་སྒྲིལ་དམ་ཚིག་འོ་ཆུ་གཅིག་འདྲེས་གནང་དགོས་རྒྱུ་གལ་ཆེའི་ནང་གི་དོན་ཆེན་ལྟ་བུ་གྱུར་བས། བོད་མི་ནང་ཁུལ་འགལ་ཟླ་རིགས་མི་བྱེད་རྒྱུའི་དམ་བཅའ་བརྟན་བཟུང་ཐོག་མགོན་པོ་གང་གི་བཀའ་དྲིན་དང་ཐུགས་རེ་སྙིང་དབུས་སུ་བཅངས་ཏེ། བོད་བསྟན་སྲིད་མི་རིགས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བོད་མི་རྣམས་སེམས་ཤུགས་ནམ་ཡང་མི་ཆགས་པར་ངལ་བ་ཁྱད་བསད་ཀྱིས་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུ་སོགས་ལ་ཚང་མས་ཞུ་སྒོ་ཅི་མཆིས་སྒོ་ཀུན་ནས་ལྷོད་གཡེང་མེད་པར་འབད་འབུངས་གནང་རོགས་ཞེས་རེ་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན།

འདི་ལོའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུའི་ལས་རིམ་འགྲོ་བཞིན་ཡོད་པས་ཞུ་སྐུལ་གྱི་རྒྱུད་རིམ་འདིས་རྒྱ་གར་དབུས་སའི་གྲོས་ཚོགས་འཐུས་མི་གཙོ་བོར་གྱུར་པའི་གནད་ཡོད་མི་སྣ་མང་པོས་བོད་ཀྱི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་ཡོང་རྒྱུ་དང་། རྒྱབ་སྐྱོར་ཤུགས་ཆེ་གནང་བའི་རེ་བ་བྱེད་ཀྱི་ཡོད།

བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་བཅུ་ཕྲག་དྲུག་ལ་ཉེ་བའི་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་རོགས་མགོན་དམིགས་བསལ་གནང་བ་རྣམས་དང་། གཞན་ཡང་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་བདེན་མཐའ་གསལ་ཐབས་བཅས་ལ་ཕན་པའི་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པར་འབྲེལ་ཡོད་གཞུང་མང་ཡོངས་ལ་བོད་མི་ཚང་མའི་ཚབ་ཞུས་ཏེ་དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་བདག་སོགས་འགྲོ་བ་ཡོངས་ཀྱི་རྣམ་འདྲེན་མཚུངས་ཟླ་མ་མཆིས་པ་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་༸ཞབས་ཟུང་སྲིད་མཐར་བརྟན་ཅིང་། རླབས་ཆེན་གྱི་དགོངས་བཞེད་རྣམས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢ ལ།།

 

 

Share with your friends










Submit