ཟླ་བ་ ༧ ཚེས ༢ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ རེས་གཟའ་ཟླ་བ།

༄༅། །སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནང་ཡུ་རོབ་ཀྱི་རྙིང་ཞེན་དང་བཅོས་སྒྱུར་མནའ་འབྲེལ་ཚོགས་པ་ཞེས་པའི་ཡུ་རོབ་ཀྱི་སྲིད་བྱུས་ཉམས་ཞིབ་ཚོགས་པ་ ACRE ཞེས་པའི་གོ་སྒྲིག་འོག་དད་པ་དང་རང་དབང་ཞེས་པའི་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་གནང་བ་དང་། ལྷན་ཚོགས་སུ་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཚོགས་ཞུགས་གནང་འདུག

དེ་ཡང་ཉིན་གྲངས་གཅིག་གི་བགྲོ་གླེང་ལྷན་ཚོགས་དབུ་འབྱེད་ཐོག་ཡུ་རོབ་མཐུན་ཚོགས་ཀྱི་ཆོས་དད་རང་དབང་གོང་སྤེལ་གྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཡན་ཕི་གལ་ Mr Jan Figel མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ་དང་། གསུང་བཤད་ཀྱི་གཙོ་བོ་ཆོས་དད་རང་དབང་གི་གལ་གནད་སྐོར་དང་འབྲེལ་འཛམ་གླིང་གི་མི་འབོར་ཕལ་ཆེར་བརྒྱ་ཆ་བརྒྱད་ཅུ་ཐམ་པ་སོ་སོའི་ཆོས་ལ་དད་པ་དང་ཡིད་ཆེས་བློ་འགེལ་བྱེད་མཁན་ཡིན་པར་བརྟེན། ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཡིན་ཅེས་གསུང་འདུག

དེ་ཉིན་ཚོགས་ཆུང་ཆ་བགོས་ཀྱིས་བགྲོ་གླེང་ལྷན་ཚོགས་གནང་སྐབས་མཁས་དབང་མི་སྣས་ཡུ་རོབ་ཡུལ་གྲུ་ཁྱོན་ཡོངས་སུ་ཆོས་ལུགས་ཀྱི་སྡེ་ཚན་འདྲ་མིན་ལ་འཕྲད་བཞིན་པའི་དཀའ་ངལ་སོགས་ཀྱི་གནད་དོན་སྐོར་གླེང་སློང་གནང་བ་མ་ཟད། གཞུང་ཕྱོགས་ནས་ཆོས་ལུགས་ལ་ངོས་འཛིན་བྱེད་མ་བྱེད་ཀྱི་གནད་དོན་འོག་ཆོས་ལུགས་བྱེད་སྒོར་དམ་བསྒྲགས་དང་དབྱེ་འབྱེད་ཡོང་བཞིན་པའི་དཀའ་ངལ་སྐོར་ཡང་གླེང་གནང་འདུག

ཕྱོགས་མཚུངས་ཉིན་ཤས་གོང་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་དོན་གཅོད་ལས་བྱེད་རྒན་ཁང་རིག་འཛིན་ལགས་རྣམ་གཉིས་ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་དང་འབྲེལ་བའི་ཆོས་དད་རང་དབང་དང་། སྐྱབས་བཅོལ་རང་དབང་ཐོག་གི་ལྷན་ཚོགས་སུའང་མཉམ་ཞུགས་གནང་འདུག ལྷན་ཚོགས་དེ་ས་མཚམས་མེད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞེས་པའི་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ལྷན་ཚོགས་སུ་ཡུ་རོབ་གྲོས་ཚོགས་འཐུས་མིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་སྐོར་གླེང་གནང་བ་དང་། དེ་བཞིན་བོད་ཀྱི་གནད་དོན་སྐོར་དང་འབྲེལ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཡུ་རོབ་མཐུན་ཚོགས་དང་ཡུ་རོབ་གྲོས་ཚོགས་ནས་ཡུ་རོབ་མཐུན་ཚོགས་ཀྱི་གཞི་རྩའི་རིན་ཐང་སྲུང་སྐྱོབ་དགོས་པའི་རེ་སྐུལ་ཞུས་འདུག་པ་བཅས།།

Share with your friends










Submit