ཟླ་བ་ ༧ ཚེས ༢༣ ༢༠༡༨
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༣ རེས་གཟའ་ཟླ་བ། 

 

༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༣ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཟངས་དཀར་༸རྒྱལ་བའི་ཕོ་བྲང་དུ་ཐོག་མར་སྒྲུབ་གཞག་མཛད་རྗེས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ། དེ་ནས་ལམ་སྒྲོན་སློབ་གྲྭ་གཙོ་བོར་གྱུར་བའི་སློབ་ཕྲུག་རྣམས་ལ་གང་བློ་མའི་ལྗགས་ལུང་སྩལ་བསྟུན་ལ་དྭགས་སེར་སྐྱ་མང་ཚོགས་རྣམས་ཀྱིས་མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བརྟན་བཞུགས་ལེགས་པར་གྲུབ་མཚམས་ཟངས་དཀར་ཁུལ་གྱི་ནང་པ་དང་ཁ་ཆེའི་དབར་ལོ་དྲུག་བདུན་ཙམ་གོང་ནས་མི་མཐུན་པ་པའི་གནས་ཚུལ་ཕྲན་བུ་བྱུང་བར་བརྟེན་ད་བར་ཕན་ཚུན་ཕྱོགས་གཉིས་དབར་འབྲེལ་ལམ་ལ་དོ་ཕོག་བྱུང་ཡོད་སྟབས། ཕྱིན་ཆེད་དེ་རིགས་རྩ་བ་ནས་མི་ཡོང་བ་དང་ད་ཕྱིན་ཕྱོགས་གཉིས་ཕན་ཚུན་མཛའ་བརྩེའི་འབྲེལ་ལམ་རྒྱུན་སྐྱོང་བྱ་རྒྱུའི་ཁས་ལེན་ཡིག་ཆ་ཞིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ཏུ་འབུལ་ལམ་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་དང་སྦྲགས་ཐོག་མར་ཕྱོགས་གཉིས་ཀྱི་སྐུ་ཚབ་འཐུས་མི་རྣམས་དང་ལྷན་སྐུ་པར་ལྷན་སྒྲོན་མཛད་རྗེས་བཀའ་སློབ་སྩལ་དོན།

དེ་རིང་འདིར་ཟངས་དཀར་མི་མང་སེར་སྐྱ་ཐུན་མོང་ནས་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་དད་པ་རྩེ་གཅིག་ཏུ་སྨོན་ལམ་རྒྱག་སྐབས་དེར་ནུས་པ་ཏན་ཏན་ཡོད། ཕན་ཐོགས་ཏན་ཏན་ཡོང་རྒྱུ་རེད། ངོས་ནས་ཀྱང་སྨོན་ལམ་བརྒྱག་རྒྱུ་ཡིན། ཁ་སང་ཞུས་པ་ལྟར་ང་ཚོ་ཚང་མ་ཐུགས་མཐུན་ཁྲིམས་གཙང་ཟེར་བ་འདི་ཧ་ཅང་གལ་ཆེན་པོ་རེད། ཅེས་ཁ་སང་ནས་ཞུས་པ་ཡིན། གང་ལྟར་ཆེ་ས་ནས་ང་ཚོ་འཛམ་བུ་གླིང་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་མི་གཅིག་གྱུར་ཆགས་ཡོད། ང་དང་ཁྱོད་ཟེར་ནས་སྐད་ཆ་ཤོད་རྒྱུ་བསྡད་མེད། ཚང་མ་འཆམ་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བྱེ་བྲག་ཏུ་ཆོས་ལུགས་མཐུན་སྒྲིལ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཆོས་ལུགས་དེ་དག་ཆོས་རྒྱུད་རང་རང་སོ་སོའི་ཆོས་པ་ཚོས་རང་རང་སོ་སོའི་ཆོས་ནས་སྟོན་པས་གསུང་པ་དེ་དག་ཉམས་ལེན་ཡག་པོ་བྱས་པ་ཡིན་ན་དངོས་གནས་མི་བཟང་པོ་ཞིག་དང་སྤྱི་སེམས་ཡོད་མཁན་ཞིག་ཡོང་རྒྱུ་ཚང་མ་རེད་འདུག དེ་འདྲ་ཡིན་སྟབས་ཆོས་ལུགས་ཚང་མ་མཐུན་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་འདུག ཅེས་ཁ་སང་ཞུས་པ་དེ་རེད། ངོས་ཀྱིས་གང་ཐུབ་འབད་བརྩོན་བྱེད་བཞིན་ཡོད། ངོས་རང་ས་ཆ་གང་དུ་བསླེབས་ཀྱང་རྒྱ་གར་འཕགས་པའི་ཡུལ་འདི་དཔེ་མཚོན་དུ་བཞག་ནས་ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་རྒྱུ་ཡིན་པ་རྗོད་བཞིན་ཡོད། རྒྱ་གར་ཡུལ་འདིར་མི་དུང་ཕྱུར་བཅུ་ལྷག་ཡོད་པ་འདིའི་ནང་ལོ་སྟོང་ཕྲག་རིང་ལ་ཆོས་ལུགས་མི་འདྲ་བ་མང་པོ་ཞིག་མཐུན་སྒྲིལ་བྱས་ནས། ཞི་བདེ་མཉམ་གནས་བྱས་ནས་བསྡད་ཐུབ་ཀྱི་ཡོད། དེར་བརྟེན་ཞི་བདེ་མཉམ་གནས་བྱས་ནས་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུ་རེད་ཟེར་ནས་ངོས་ཀྱིས་འཛམ་གླིང་གང་སར་དེ་འདྲ་ཤོད་བཞིན་ཡོད།
འཛམ་གླིང་ཆོས་ལུགས་གཙོ་ཆེ་བ་ཚང་མ་རྒྱ་གར་ནང་ཡོད།

སྐབས་རེ་རྙོག་གྲ་ཕྲན་བུ་ཡོང་བ་མ་གཏོགས་སྤྱི་ཡོངས་ཆ་ནས་ཧ་ལས་པའི་ཞི་བདེ་མཉམ་གནས་བྱས་ནས་སྡོད་ཀྱི་ཡོད། སྐབས་སུ་བབ་པ་ཡུལ་ལུང་འདིའི་ནང་བར་སྐབས་ཁ་ཆེའི་ཆོས་གྲོགས་ཚོ་དང་ནང་པའི་ཆོས་གྲོགས་ཚོའི་དབར་གནས་ཚུལ་ཕྲན་བུ་ཡོང་བ་ཞིག་རེད་འདུག ཁ་སང་ཁ་ཉིན་ང་ཚོ་སྐད་ཆ་བྱུང་བ་རེད། སྤྱིར་རྒྱ་གར་ནང་འཛམ་བུ་གླིང་ལ་ངོམས་སུ་ཆོག་པའི་ཆོས་ལུགས་མཐུན་སྒྲིལ་ཡོད་པ་ཡིན་སྟབས་ས་གནས་སོ་སོར་ཡོད་མཁན་ཚོས་ཀྱང་དེ་ལུགས་ཀྱི་བསམ་བློ་བཏང་ནས། མིག་རྒྱང་རིང་ས་ནས་བལྟས། རྒྱ་ཆེ་ས་ནས་བསམ་བློ་གཏོང་དགོས་པ་མ་གཏོགས་ཁ་ཐུག་འཕྲལ་སེལ་གྱི་ཕྲན་བུ་ཕྲན་བུ་མཐུན་མི་མཐུན་གྱི་ཐོག་ནས་ང་དང་ཁྱོད་ཟེར་བ་ལྟ་བུ་བྱས་ཚེ་ཡག་པོ་མེད། ཅེས་ངོས་ཀྱིས་དེ་འདྲ་བཤད་རྒྱུ་བྱུང་ལ་འདི་གར་ཁྱེད་ཚོས་ཁ་སང་ནང་པའི་ཚོགས་པ་རེད། དེ་བཞིན་ཁྱེད་ཚོ་ཁ་ཆེའི་འཐུས་མི་འགའ་ཤས་མཉམ་དུ་གོ་བསྡུར་བྱས་ནས་བར་སྐབས་ཕྲན་བུ་ཕྲན་བུའི་མཐོང་ཕྱོགས་ཡོང་བ་དེ་ཚོའི་གྲས་ད་ནས་བཟུང་ནམ་མཁའ་གཡའ་དག ས་གཞི་རྡུལ་དག་ཡིན་ཞེས་ཁ་སང་ཡིག་ཆ་བཞག་པ་དེ་དེ་རིང་ངོས་ལ་གནང་བ་རེད། རྗེས་སུ་ཡི་རངས་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཕྱོགས་མཚུངས་སྐབས་རེ་ལ་དྭགས་གླེ་ཁུལ་དུ་སྔ་མོ་ནས་ཌ་མ་རྡུང་མཁན་དེ་ཚོ་རིགས་དམན་པར་རྩི་བཞིན་ཡོད་པ་སྔ་མོ་ནས་ངོས་ཀྱིས་གོ་མྱོང་། སྐབས་རེ་རིགས་དམན་ཚོའི་ནང་ལ་གསེར་ལམ་བཅད་ཟེར་ནས་ཞབས་བརྟན་ཚུན་ཆད་མི་འགྲོ་བ་དེ་འདྲའི་སྐད་ཆ་ཞིག་ངོས་ཀྱིས་སྔ་མོ་ནས་གོ་མྱོང་། འགྲིག་གི་མ་རེད་ཅེས་ངོས་རང་སུ་ན་དང་མཉམ་དུ་ཌ་མ་བརྡུང་བ་དེ་འདྲ་བྱས་མྱོང་། ས་ཆ་འདིར་མཚོན་ནའང་ངོས་ཀྱི་ཇ་རིགས་དམན་ཚོས་འཁྱེར་ཤོག ཅེས་བརྗོད་དགོས་པ་ཆགས་སོང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རིགས་མི་གཙོ་རུས་མི་གཙོ། སྒྲུབ་པ་གཙོ་ཞེས་གསུང་ཟིན་པ་རེད། བཅོམ་ལྡན་འདས་ཀྱིས་རིགས་རུས་ལ་བརྩི་རྒྱུ་མིན་ཞེས་གསུང་ཟིན་རྗེས་ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་ཞིག་གིས་ཡུལ་སྲོལ་གོམས་པའི་རྗེས་ལུས་ཀྱི་བསམ་བློ། རིགས་དམན་ཞེས་མཐོང་ཆུང་བྱ་རྒྱུ་དེ་འདྲ་ཕྲན་བུ་ཡོང་བཞིན་ཡོད་ས་རེད། དེ་ཚོའི་གྲས་རྩ་བ་ནས་བྱ་རྒྱུ་མེད། ཅེས་བཀའ་སློབ་སྩལ།

དེ་ཡང་སྐབས་དེར་ཁ་ཆེའི་འཐུས་ཚབ་ཀྱི་ཚོགས་གཙོ་གུ་ལམ་ལགས་ཀྱིས་འདི་གསར་འགོད་པར་འགྲེལ་བརྗོད་གནང་དོན། དེ་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུ་མདུན་ང་ཚོས་ཡིག་ཆ་ཞིག་སྤྱན་འབུལ་ཞུས་ནས་དེ་སྔ་ཟངས་དཀར་ས་གནས་འདིར་ལོ་དྲུག་བདུན་ཙམ་གོང་ནང་པ་དང་ཁ་ཆེའི་དབར་མི་མཐུན་པའི་གནས་ཚུལ་ཕྲན་བུ་བྱུང་བ་རེད། ནོར་འཁྲུལ་ཞིག་བྱུང་བར་བརྟེན་ང་ཚོ་ཆོས་གྲོགས་ཕན་ཚུན་དབར་མཛའ་བརྩེའི་འབྲེལ་ལམ་མཇུག་སྐྱོང་མ་ཐུབ་པའི་གནས་སྟངས་ཆགས་ཡོད།

དེར་བརྟེན་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱི་ལམ་སྟོན་འོག་དེ་རིང་འདིར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུ་མདུན་དུ་དེ་སྔ་མི་མཐུན་པའི་གནས་ཚུལ་གང་ལྷག་པ་རྣམས་རྒྱབ་ཏུ་བསྐྱུར་ནས་སླད་ཕྱིན་ང་ཚོས་སོ་སོའི་བུ་ཕྲུག་སོགས་མི་རབས་གཞོན་པ་ཚོར་གོམ་པ་མདུན་སྤོ་ཇི་ལྟར་བྱེད་དགོས་པའི་ལམ་སྟོན་ཡོང་ཆེད་ཕྱོགས་གཉིས་ཀྱིས་ཞི་བདེའི་ཚོགས་ཆུང་ཞིག་བཙུགས་ཏེ་ཚོགས་ཆུང་དེར་ཁ་ཆེ་དང་ནང་པ་ཕྱོགས་གཉིས་ཀྱི་སྐུ་ཚབ་འཐུས་མི་དྲུག་རེ་བཅས་ཁྱོན་མི་གྲངས་ ༡༢ ཡོད་པ་ཞིག་ཆེད་འཛུགས་བྱས་ནས་མ་འོངས་པར་ཕྱོགས་གཉིས་དབར་མི་མཐུན་པའི་གནས་ཚུལ་ཕྲན་བུ་རིགས་ནམ་བྱུང་སྐབས་དེར་གདོང་ལེན་བྱ་རྒྱུར་གྲ་སྒྲིག་ཡོད། གཙོ་ཆེར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཐེངས་འདིར་ཕྱོགས་གཉིས་དབར་གྱི་མི་མཐུན་པའི་གནས་སྟངས་རྣམས་ཡོངས་སུ་ཞི་བར་མཛད་པ་དེར་ང་ཚོ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། ད་ནས་བཟུང་ང་ཚོ་ཕྱོགས་གཉིས་དབར་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཐོག་ནས་གོམ་པ་མདུན་སྤོ་བྱ་རྒྱུ་ཡིན། ཞེས་གསུངས། །

Share with your friends










Submit