ཟླ་བ་ ༧ ཚེས ༦ ༢༠༡༨
ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ རེས་གཟའ་པ་སངས།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག སྐྱེ་འགྲོ་སྤྱི་དང་། ཁྱད་པར་གང་གི་གདུལ་ཞིང་དུ་བཞེས་པའི་བོད་གངས་ཅན་པ་རྣམས་ལ་བརྩེ་བ་ཆེན་པོས་ཉེ་བར་གཟིགས་ཏེ་གཟུགས་སྐུ་མཚན་དཔེའི་དཀྱིལ་འཁོར་རྣམ་པར་བཞད་དེ་ཕྱི་ལུགས་དགུང་གྲངས་བརྒྱད་ཅུ་གྱ་གསུམ་བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོ་ཁྱད་པར་ཅན་འདིའི་ཐོག མགོན་པོ་མཆོག་ལ་སྒོ་གསུམ་གུས་པའི་ལྷ་ཕྱག་གྲངས་མེད་དང་བཅས་དགའ་དད་སྤྲོ་གསུམ་གྱིས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

འཕགས་མཆོག་སྤྱན་རས་གཟིགས་མིའི་རྣམ་པར་བྱོན་པ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནི་བོད་མི་རིགས་དང་ཚེ་རབས་ནས་ཚེ་རབས་ལས་དང་སྨོན་ལམ་གྱི་འབྲེལ་བ་དམ་ཟབ་ཡོད་པས་ཕན་ཚུན་ཁ་བྲལ་ཐབས་མེད་པ་དང་། ཁྱད་པར་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཤིང་ཕག་ཟླ་བ་ ༥ ཚེས་ ༥ ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། མདོ་སྨད་སྐུ་འབུམ་ཉེ་འཁོར་སྟག་འཚེར་གྲོང་དུ་ཡབ་ཆོས་སྐྱོང་ཚེ་རིང་དང༌ཡུམ་བདེ་སྐྱིད་ཚེ་རིང༌གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང༌། ༸རྒྱལ་དབང་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས་ཏེ་མི་རིང་བར་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུས། ལྕགས་འབྲུག་ཕྱི་ལོ་ ༡༩༤༠ ལོར་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བ་དང་། དགུང་ལོ་དྲུག་ནས་བཅུ་ཕྲག་རིག་གནས་སྤྱི་དང་ལྷག་པར་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་སློབ་གཉེར་གནང་སྟེ་གདན་ས་སེ་འབྲས་དགའ་གསུམ་ལ་གྲྭ་བསྐོར་མཛད་དེ། དགུང་ལོ་ཉེར་བཞིའི་ཐོག་ལྷ་ལྡན་སྨོན་ལམ་ཆེན་མོར་མཁས་པ་སྟོང་ཕྲག་འཛོམས་པའི་མདུན་སར་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་གནང་མཛད། དེ་བཞིན་སྐུ་ན་གཞོན་དུས་ནས་འཛམ་གླིང་གི་གནས་ཚུལ་སྤྱི་དང༌། བྱེ་བྲག་དེང་རབས་ཚན་རྩལ་རིག་གནས་སོགས་ལ་ཐུགས་སྣང་ཆེན་པོ་མཛད།

      ས་གླང་ཕྱི་ལོ་ ༡༩༥༠ ལོ་ནས་འགོ་བཙུགས་ཏེ་རྒྱ་དམར་གྱིས་བོད་ཤར་ཕྱོགས་ཁུལ་ཕལ་ཆེ་བ་བཙན་བཟུང་གིས། བོད་ཁམས་ཡོངས་རྫོགས་རྒྱའི་བཙན་དབང་འོག་ཚུད་ལ་ཉེ་བའི་ཛ་དྲག་གི་གནས་སུ་གྱར་བའི་སྐབས་གངས་ལྗོངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དགུང་ལོ་བཅུ་དྲུག་ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ཏེ། རྒྱ་དམར་གྱི་བཙན་འོག་ནས་གྲོལ་ཆེད་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་རྒྱལ་ཁབ་ཆེ་ཁག་ལ་ཞུ་སྐུལ་སོགས་ཐབས་ཤེས་ཡོད་རྒུ་མཛད་པ་དང་། བོད་ནང་གི་གང་ཅིའི་གནས་སྟངས་ཡར་རྒྱས་གཏོང་ཆེད་ལེགས་བཅོས་ལས་ཁུངས་འཛུགས་རྒྱུའི་མཚོན་གཞི་རྩའི་བཅོས་བསྒྱུར་གནང་འགོ་བཙུགས་ཡོད། དེ་དང་ཆབས་ཅིག་བཙན་འོག་ཏུ་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་ཐུགས་མོས་མེད་ཀྱང་བོད་མི་མང་ལ་དཀའ་སྡུག་མི་འབྱུང་ཆེད་གྲོས་མཐུན་གྱི་འབྲུ་དོན་ཁག་དང་། ལྷག་པར་ཕྱི་ལོ་ ༡༩༥༤ ལོར་པེ་ཅིང་དུ་ཆིབས་བསྒྱུར་བསྐྱངས་ཏེ་རྒྱ་གཞུང་གི་གཙོ་འཛིན་མའོ་ཙེ་ཏུང་དང༌། སྲིད་བློན་ཀྲོའུ་ཨན་ལེ་སོགས་དཔོན་རིགས་མང་པོ་དང་མཇལ་མོལ་གནང་བའི་ཁས་ལེན་ཁག་གཞིར་བཞག་ཁྱོན་ལོ་ངོ་བཅུ་ཙམ་རིང་ཐབས་མཁས་འཕྲུལ་མཛངས་ཀྱིས་རྒྱ་ནག་གཞུང་དང་ཞི་བའི་ལམ་ནས་འགྲིག་ཐབས་ནུས་པ་གང་ཡོད་གནང་ཡང་། རྒྱ་ནག་གཞུང་གིས་གྲོས་མཐུན་གྱི་དོན་ཚན་ཚང་མ་བརྡལ་བཤིག་དང་བོད་མིའི་ཐོག་དྲག་གནོན་ཇེ་ཆེར་བཏང་བ་མ་ཟད། སྐུ་ཕྱྭ་ལ་བདོ་བའི་ངན་བྱུས་བཤམས་པ་བཅས་ལ་བརྟེན། མཐར་ཕྱི་ལོ་ ༡༩༥༩ ལོར་རང་ཡུལ་དང་ཞལ་གྱེས་ཏེ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་གྱུར་པ་དང་། བོད་མི་རིགས་གསོན་གནས་དང་རང་དབང་སླར་གསོའི་ཆེད་དུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་བོད་མི་རིགས་ཀྱི་ངོ་བོ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྤེལ་དང་། བཙན་བྱོལ་བོད་མིར་མང་གཙོའི་ལམ་བཟང་སྲོལ་གཏོད་མཛད་པ་དང་། དེ་ལ་དུས་བསྟུན་ལེགས་བཅོས་ཇི་དགོས་མཛད་ཡོད། དེ་བཞིན་གོ་སྐབས་ནམ་བྱུང་བོད་དོན་བདེན་དོན་ལ་འཛམ་གླིང་ནང་རྒྱབ་སྐྱོར་ཚད་མཐོ་བསྐྲུན་གནང་མཛད། བོད་ལ་དུས་འགྱུར་དབང་གིས་བོད་གཞིས་བྱེས་གཉིས་སུ་གྱར་དགོས་བྱུང་ཡང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་དམ་ཚིག་རྡོག་རྩ་ཆིག་བསྒྲིལ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་དབར་ཐུགས་མཐུན་དམ་གཙང་བསྐྲུན་ཐུབ་པ་བཅས་བོད་མི་རིགས་ལ་བཀའ་དྲིན་ལྷག་པར་ཆེ་བའི་རྨད་བྱུང་གི་མཛད་བཟང་ནི་༸རྒྱལ་དབང་སྐུ་ཕྲེང་གོང་མ་རྣམས་ཀྱི་མཛད་པ་ཡོངས་རྫོགས་གཅིག་ཏུ་བསྡོམས་པ་ལས་ཀྱང་ལྷག་པ་ཆགས་ཡོད།

      སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་གནང་ཟིན་པའི་རྗེས་སུ་ཡང། བོད་ཀྱི་གནད་དོན་ཞི་མོལ་གྱི་ལམ་ནས་འགྲིག་འཇགས་ཀྱིས་འཛམ་གླིང་ནང་མིག་དཔེར་འོས་པ་ཞིག་ཡོང་ཐབས་མུ་མཐུད་ཐུགས་བརྩོན་གནང་བཞིན་ཐོག འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་བསྐྲུན་ཐབས་སུ། འགྲོ་བ་མིའི་ཡ་རབས་སྤྱོད་བཟང་གོང་མཐོར་གཏོང་ཆེད་བྱམས་བརྩེ་དང། གཞན་ཕན་སོགས་ཕྲུ་གུ་ལོ་ན་ཆུང་དུས་ནས་རང་རྒྱུད་ལ་འཇགས་དགོས་པ་གལ་ཆེར་གཟིགས་ཏེ། རྒྱ་གར་དང་ཕྱི་རྒྱལ་ཡུལ་ཁག་གི་སློབ་ཕྲུག་དང་གཞོན་སྐྱེས་གཙོ་བཟུང་མི་མང་དཀྱུས་མ་དང། དེ་བཞིན་འབྲེལ་ཡོད་འགོ་ལས་མང་པོ་དང་མཇལ་མོལ་གནང་སྟེ་འགྲོ་བ་མིའི་ཡ་རབས་ཀྱི་ཀུན་སྤྱོད་དེ་དག་གཞི་རིམ་དང་མཐོ་རིམ་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་འཇུག་དགོས་པའི་བཀའ་སློབ་གནང་བཞིན་པ་ལྟར། རྒྱ་གར་གྱི་རྒྱལ་ས་ལྡི་ལི་སྲིད་གཞུང་གི་སྟངས་འཛིན་འོག་ཡོད་པའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་སློབ་གྲྭ་གྲངས་ ༡༠༠༠ བརྒལ་བའི་ནང་བདེ་སྐྱིད་ཅེས་པ་སློབ་འཁྲིད་བྱ་རྒྱུའི་བསླབ་གཞི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་སྔོན་དབུ་འབྱེད་མཛད་ཡོད་པ་སོགས་རྒྱ་གར་ནང་དང་། ཕྱི་རྒྱལ་གྱི་སློབ་གཉེར་ཁང་ཁག་མང་པོས་ཕྱོགས་ཡོངས་ནས་བསྔགས་བརྗོད་དང་རྒྱབ་སྐྱོར་ཚད་མཐོ་འཐོབ་བཞིན་ཡོད།

དེ་བཞིན་འཛམ་གླིང་འདིའི་ནང་གདུལ་བྱ་སོ་སོའི་ཁམས་དང་མོས་པར་འཚམས་པའི་ཆོས་ལུགས་དང་ལྟ་གྲུབ་འདྲ་མིན་ཡོད་པ་དེ་དག་ཚང་མས་བྱམས་པ་དང༌། སྙིང་རྗེ། བཟོད་པ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པ་དང་། མི་ཚེ་བདེ་སྐྱེད་ཀྱི་ལམ་དུ་འཁྲིད་པའི་ནུས་པ་གཅིག་མཚུངས་ཡོད་པས། ཆོས་ལུགས་རྣམས་ཕན་ཚུན་མཐུན་འབྲེལ་དག་སྣང་ཡོང་སླད་འཛམ་གླིང་ནང་གི་ཆོས་ལུགས་ཁག་ཚང་མའི་དབུ་འཁྲིད་མང་པོ་དང་མཇལ་འཕྲད་དང་ལྷན་འཛོམས་གནང་དང་གནང་བཞིན་པའི་མཛད་འཕྲིན་གྱི་གྲུབ་འབྲས་རླབས་པོ་ཆེར་ཀུན་གྱིས་བསྔགས་བརྗོད་ཞུ་བཞིན་ཡོད།

དེའི་ཐོག་བོད་པས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་གཅེས་ཉར་བྱས་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་ནང་གསེས་དཔལ་ནཱ་ལེནྡྲའི་མཁས་པའི་རིག་པའི་གཞུང་ལུགས་དེ་དག་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་འགྲོ་བ་མིའི་རྣམ་དཔྱོད་གོང་འཕེལ་གཏོང་རྒྱུ་དང་། འཛམ་གླིང་ཞི་བདེ་བསྐྲུན་རྒྱུ་སོགས་ལ་ཆེས་མཁོ་བ་དང་རན་པའི་ཤེས་ཡོན་ཞིག་ཏུ་ངོས་འཛིན་གྱིས་འགྲོ་བ་མི་ཡོངས་ཀྱིས་སློབ་སྦྱོང་བྱེད་འོས་པའི་སྐུལ་མ་ཡང་ཡང་གནང་བཞིན་པ་མ་ཟད། འདས་པའི་ལོ་ངོ་ ༣༠ ལྷག་རིང་གྲགས་ཅན་གྱི་ཚན་རིག་པ་སོགས་དང་ལྷན་དུ་ནང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པ་གཙོ་བཟུང་ཐོག་བགྲོ་གླེང་རིམ་པ་གནང་བའི་འབྲས་བུར། ཚན་རིག་པ་མང་པོས་ནང་པའི་ཆོས་དང་། ལྷག་པར་ནང་པའི་ཚན་རིག ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག་དེ་དག་ཚན་རིག་དང་ཕྱོགས་མང་པོ་ནས་མཐུན་པ་མ་ཟད། ཚན་རིག་གི་ལམ་ནས་སེམས་དང་སྲོག་གི་དཔྱད་ཞིབ་བྱེད་པར་ཡང་ཕན་ཐོགས་ཆེན་པོ་ཡོང་བཞིན་ཡོད་པ་བཅས་ལ་བརྟེན་ཚན་རིག་པ་དང་ཐུན་མོང་ཐོག་ནས་སེམས་དང་སྲོག་གི་བགྲོ་གླེང་དང་བརྟག་དཔྱད་བསྟི་གནས་ཁང་དེ་འདྲ་འཛུགས་གནང་མཛད་ཐུབ་པ་བྱུང་ཡོད། རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་སླར་གསོ་ཡོང་རྒྱུར་བཀའ་སློབ་ལམ་སྟོན་དང་ཐུགས་བརྩོན་ཡང་ཧ་ཅང་ཆེན་པོ་གནང་བཞིན་ཡོད་པར་རྒྱ་གར་གཞུང་མང་གཉིས་ནས་ཀྱང་དེའི་ཐོག་མུ་མཐུད་ཐུགས་སྣང་དང་རྒྱབ་སྐྱོར་སྔར་ལྷག་གནང་བའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད་པ་བཅས་སྐུ་ཚེའི་ཐུགས་བསྐྱེད་དམ་བཅའ་མཛད་བཞེས་གནང་བ་ལྟར་ཐུགས་བརྩོན་ཆེ་བསྐྱེད་ཀྱིས་མཛད་འཕྲིན་ཧ་ཅང་རྒྱ་ཆེ་སྐྱོང་བཞིན་པར་སྐྱེ་བོ་ཀུན་གྱིས་ཆེས་དགའ་གུས་དང་བསྔགས་བརྗོད་ཞུ་བཞིན་ཡོད།

༸གོང་ས་མཆོག་གི་མཛད་རྗེས་དེ་དག་ལ་འཛམ་གླིང་ཕྱོགས་ཀུན་ནས་ཡི་རངས་ཏེ་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་གཟེངས་བསྟོད་གྲངས་ ༡༥༠ ལྷག་དགྱེས་འབུལ་ཞུས་ཡོད་པ་སོགས་ཞུ་མི་དགོས་ཀྱང། ད་རེས་ཀྱི་དུས་ཚེས་ཁྱད་པར་ཅན་འདི་སྲུང་བརྩི་ཞུ་བ་དང་ཆབས་ཅིག་མཛད་རྗེས་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་ཞིག་ངོ་སྤྲོད་ཞུས་པ་ཡིན། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གངས་ཅན་པ་རྣམས་ལ་ཐུགས་བརྩེས་བསྐྱངས་པའི་སྐུ་དྲིན་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ནོར་བདུན་གྱི་ཡོངས་སུ་བཀང་སྟེ་ཕུལ་ཡང་ཆ་ཙམ་ཡང་གཞལ་མི་ཐུབ་པ་ཞིག་ཡིན། ཁྱད་པར་བོད་མིའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་འཕྲིན་ལས་ཁོ་ནར་རག་ལུས་ཡོད་པས་མགོན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་མཛད་འཕྲིན་ཆེས་ཆེར་རྒྱས་དགོས་པ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་བདེ་སྐྱིད་ཀྱི་རྩ་བ་ཡིན་པར་སོང། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་༸མགོན་པོ་མཆོག་གིས་ཅི་གསུང་བཀའ་བསྒྲུབ་ཞུ་རྒྱུ་དང་། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པར་དམ་ཚིག་རྡོག་རྩ་གཅིག་བསྒྲིལ་དགོས་པའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།

      དེ་དང་འབྲེལ་ནས་གསལ་བཤད་ཞུ་འདོད་པ་ཞིག་ལ། ཉེ་ཆར་གསར་འགྱུར་བརྒྱུད་ལམ་གཅིག་གི་ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྙུན་གཞི་ཚབས་ཆེ་ཡོད་གནས་ཁུངས་མེད་ཀྱི་གནས་ཚུལ་དེ་དོལ་རྒྱལ་ཚོགས་པ་སོགས་ཕ་རོལ་པོས་ཆེད་སྤེལ་བྱས་རྐྱེན་རྒྱ་ཆེ་མང་ཚོགས་ལ་སེམས་འཚབ་ཡོང་ངེས་ལ་སོང་། ད་རེས་ཀྱི་གོ་སྐབས་འདི་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ཡིན་པས་མགོན་པོ་མཆོག་ལ་དད་དམ་གཡོ་བ་མེད་པའི་གཞིས་བྱེས་བོད་མི་ཡོངས་དང་། རྒྱལ་སྤྱིའི་རྒྱ་ཆེ་མང་ཚོགས་ཚང་མ་བློ་གཡེང་རྩ་བ་ནས་མི་དགོས་པ་ཞུ་འདོད་བྱུང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ཨ་རི་དང་བྱང་ཀོ་རི་ཡའི་འགོ་འཁྲིད་རྣམ་གཉིས་མཇལ་མོལ་གྱིས་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུས་མཚོན་གནད་དོན་འགའ་ཞིག་ཐོག་གྲོས་འཆམ་བྱུང་བར་བསྔགས་བརྗོད་དང་། ལྷག་པར་གྲོས་མོལ་བྱེད་རྒྱུ་ནི་ཆུང་ས་སྒེར་ཞིག་དང་ཆེ་ས་རྒྱལ་ཁབ་ཅིག་གི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཁོ་ན་ཡིན་པར་དུས་དང་རྣམ་པ་ཀུན་ཏུ་ཡིད་ཆེས་གནང་བཞིན་ཡོད་པ་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འཕྲིན་གནང་ཡོད། ༸གོང་ས་མཆོག་གིས་བོད་ཀྱི་གནད་དོན་ཡང་ཞི་བའི་གྲོས་མོལ་བརྒྱུད་གཉིས་སྨན་གྱི་ཐག་གཅོད་ཡོང་རྒྱུར་ཐུགས་རེ་དང་ཐུགས་བརྩོན་གནང་བཞིན་ཡོད་པས། རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་ཀྱི་གནད་དོན་འགྲིག་འཇགས་ཡོང་ཆེད་ཀྱི་ཐབས་ལམ་བཟང་ཤོས་དེ་ཡིན་པ་གསལ་པོ་ངོ་འཕྲོད་པའི་ཐོག་ནས་གྲོས་མོལ་འགོ་འཛུགས་བྱེད་དགོས་པ་ནན་བརྗོད་བྱེད་རྒྱུ་དང་ཆབས་ཅིག བཀའ་ཤག་གི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་ཐོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཁོ་ན་ལས་རང་བཙན་རྩོད་ཀྱི་མེད་པ་ནན་བརྗོད་བྱེད་རྒྱུ་ཡིན།

གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མི་མང་ཚོགས་ཀྱིས་མང་མོས་རྒྱབ་སྐྱོར་ཡོད་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་གྲོས་ཆོད་སྔ་ཕྱི་བཞག་ནས་གཏན་ལ་ཕབ་པ་ཤིག་ཡིན་པས། སྲིད་བྱུས་དེ་ལག་བསྟར་བྱེད་རྒྱུའི་འགན་དབང་འཛིན་སྐྱོང་བཀའ་ཤག་ལ་ཡོད་པ་བཞིན། བཀའ་ཤག་ལྷན་ཚོགས་དང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ནང་གོ་བསྡུར། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དུས་ནས་དུས་སུ་དགོངས་སྐོར་ཞུ་དགོས་ཞུས་ཏེ་བོད་རྒྱའི་གནད་དོན་སེལ་རྒྱུར་འབད་བརྩོན་ཞུ་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་ཡངས་དཀྱེལ་ཆེའི་སྒོ་ནས་ལོ་རབས་བདུན་ཅུའི་དཀྱིལ་ཙམ་ནས་རང་བཙན་མ་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་ལ་བརྟེན་ནས། བོད་གཞིས་བྱེས་གཉིས་དབར་གཉེན་འཕྲད་ཐུག་འབྲེལ་བྱེད་ཐུབ་པ་དང་། ལྷག་པར་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་ལམ་བཙུགས་ཐུབ་པ་བྱུང་ནས་གཟིགས་སྐོར་སྐུ་ཚབ་ཚོགས་ཆུང་ཐེངས་བཞི་དང་། འབྲེལ་མོལ་རྟོག་ཞིབ་སྐུ་ཚབ་ཚོགས་ཆུང་ཐེངས་གཉིས། འབྲེལ་མོལ་བསྐྱར་མཐུད་ཀྱིས་འབྲེལ་མོལ་ཐེངས་བཅུ་སོགས་ཐད་ཀར་འབྲེལ་གཏུགས་ལན་མང་བྱུང་བ་དེ་དག་བརྒྱུད། བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་རྒྱུ་དང་། ཁྱད་པར་བོད་ཀྱི་གནད་དོན་ཐོག་གོ་བསྡུར་ཞིབ་ཚགས་བྱེད་ཐུབ་པའི་ཐོག་བོད་མི་རིགས་ལ་རང་སྐྱོང་གི་གནས་བབ་ཇི་འདྲ་ཞིག་དགོས་པའི་བསམ་འཆར་ཡིག་ཐོག་རྒྱ་ནག་གཞུང་གི་འགོ་འཁྲིད་ལ་ཐད་ཀར་སྤྲོད་ཐུབ་པ་བྱུང་ཡོད། དེ་བཞིན་རྒྱལ་སྤྱིའི་ནང་གཞུང་དང་། དབུ་འཁྲིད། གྲོས་ཚོགས་འཐུས་མི། ཚོགས་པ་དང་སྒེར་བཅས་མང་པོས་སྲིད་བྱུས་འདི་བརྒྱུད་ནས་བོད་དོན་དཀའ་རྙོག་སེལ་རྒྱུའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་བཅས་ཀྱི་གྲུབ་འབྲས་གཞིར་བཞག་དང་། ལྷག་པར་རྒྱ་ཆེ་བོད་མི་མང་རྒྱ་གཞུང་གི་དམ་བསྒྲགས་སྲིད་བྱུས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པ་སྙིང་བཅངས་ཐོག་ནས། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་གཉིས་སྨན་གྱི་འགྲིག་འཇགས་ཤིག་གང་མྱུར་ཡོང་རྒྱུར་ཚོགས་སྒེར་ཚང་མས་ནུས་པ་མཉམ་སྤུངས་ཐོག་འཛིན་སྐྱོང་གི་འབད་བརྩོན་ལ་རམ་འདེགས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

བོད་ནང་གི་ད་ལྟའི་གནས་སྟངས་ནི་ཕྱོགས་གང་ས་ནས་ཡ་ང་བ་ཞིག་ཆགས་ཡོད། རྒྱ་ནག་གཞུང་ལ་བོད་མི་ཚོས་ཞི་བའི་སྒོ་ནས་མངོན་འདོད་འདོན་རྒྱུ་དང་། ལྷག་པར་བོད་མིའི་ཐོག་འཛིན་པའི་དམ་བསྒྲགས་ཀྱི་སྲིད་བྱུས་ལ་གཞི་རྒྱ་ཆེ་ཆུང་འདྲ་མིན་གྱི་ཞི་བའི་ངོ་རྒོལ་རྒྱུན་མ་ཆད་པར་བྱུང་དང་འབྱུང་བཞིན་པར་དྲག་གནོན་དང་བཙོན་འཇུག་བྱེད་པ་སོགས་ཞི་བའི་སྒོ་ནས་མངོན་འདོད་འདོན་རྒྱུའི་གནས་སྟངས་ཡང་མེད་པར་བརྟེན། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མི་རིགས་ཀྱི་མངོན་འདོད་གསལ་འདོན་བྱ་ཆེད་གཅིག་རྗེས་གཉིས་མཐུད་ཀྱིས་ད་བར་ཁྱོན་བོད་མི་ ༡༥༢ ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་བཅས་ལས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། བོད་མི་ཚོར་ཆབ་སྲིད་རང་དབང་ལྟ་ཞོག རྒྱ་ནག་གི་རྩ་ཁྲིམས་ཀྱིས་འགན་སྲུང་བྱས་པའི་ཁོར་ཡུག་སྲུང་སྐྱོབ་དང་། ཆོས་དད་རང་དབང་། སྐད་ཡིག་སྲུང་སྤེལ་བཅས་བྱེད་པའི་རང་དབང་ཡང་མེད། དེ་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མི་རིགས་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་རྒྱུའི་རང་དབང་འགན་སྲུང་བྱས་ཡོད་པའི་ཆ་རྐྱེན་འོག་ནས་བཀྲ་ཤིས་དབང་ཕྱུག་གིས་བོད་མིའི་སྐད་ཡིག་སྦྱོང་སྤྱོད་བྱེད་རྒྱུའི་རྩ་ཁྲིམས་ནང་འགན་སྲུང་བྱས་པ་ལྟར་ཁྲིམས་མཐུན་ཞུ་གཏུགས་བྱས་པར་ལོ་གཉིས་ལྷག་དོ་དམ་བཀག་ཉར་བྱས་མཐར། ཉེ་སྔོན་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ལྔའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ནི་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དགོངས་དོན་ལ་བརྡལ་བཤིག་དང་། བོད་མི་དང་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་ཁྱད་གསོད་བྱས་པ་ཞིག་རེད་ཅེས་ཚོར་ཤུགས་ཆེན་པོས་ཞུ་འདོད་བྱུང་། ང་ཚོས་ཤེས་རྟོགས་བྱུང་བར་བཀྲ་ཤིས་དབང་ཕྱུག་ལ་ཉེས་མེད་ཁག་གཡོགས་ཀྱིས་གནད་དོན་དེ་གོང་ཞུ་བྱེད་རྒྱུ་ཡིན་འདུག་པར་དང་ལེན་བྱས་ཐོག་ཁོང་གང་མྱུར་གློད་བཀྲོལ་དགོས་པའི་རེ་སྐུལ་བྱེད་རྒྱུ་ཡིན། དེ་མཚུངས་རྒྱལ་སྤྱི་ཁྱོན་ཡོངས་ནང་ཁོང་གི་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱིས་ཁོང་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

འདི་ལོ་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ཉེར་དགུ་བཞེས་པའི་སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ནས། ཨ་རིའི་གྲོས་ཚོགས་གོང་མས། བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་བོད་མིའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ལམ་ལུགས་དེར་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཚེ་རྩིས་མེད་གཏོང་རྒྱུ་ཡིན་པའི་མང་མོས་གྲོས་ཆོད་བཞག་ཐོག བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་དང་། ཨ་རིའི་གཞུང་ཚབ་པས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་མཇལ་འཕྲད་ཞུ་དགོས་པ་གསལ་ཡོད། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཀྱང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་དྲུག་གི་ཐོག་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་པ་ནས་ད་བར་གར་སོང་ཆ་མེད་འོག་གནས་མུས་ཡིན་པས། ཁོང་འཕྲལ་དུ་གློད་བཀྲོལ་བཏང་སྟེ་འགྲོ་བ་མི་རིགས་ཀུན་ལ་ཁྱབ་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལ་བརྩི་བཀུར་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་པ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན་དྲང་བདེན་དང་ཞི་བདེ་ལ་དགའ་བའི་བོད་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་དབུ་འཁྲིད་དང་། གྲོས་ཚོགས་འཐུས་མི། མི་མང་དཀྱུས་མ་བཅས་ཡོངས་དང་། ལྷག་པར་རྒྱ་གར་དབུས་དང་ས་གནས་གཞུང་མང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བཙན་བྱོལ་བོད་མི་རྣམས་ལ་འདས་པའི་ལོ་ངོ་ ༦༠ རིང་མཐུན་འགྱུར་རོགས་རམ་གནང་བར་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཁའ་ཁྱབ་སྐྱེ་འགྲོ་ཡོངས་དང༌། ཁྱད་པར་གང་གི་གདུལ་ཞིང་དུ་བདག་གིར་བཞེས་པའི་བདག་ཅག་གངས་ཅན་པ་རྣམས་ཀྱི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༦ ལ།།

Share with your friends










Submit