Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༣ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནི་དྷར་ལན་ཌིའི་ Netherlands ཌ་ཆི་སྐད་ཡིག་གི་བརྙན་འཕྲིན་གསར་འགོད་པ་ཝན་ཌི་སི་ Adriaan van Dis ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ཀོ་ལོང་བཞེས་མྱོང་ཡོད་དམ། ཞེས་བཀའ་འདྲི་ཞུས་པའི་ལན་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཚམས་རེར་ཁོང་ཁྲོ་ལང་གི་འདུག་ཀྱང་དེ་ཡུན་རིང་པོར་སྡོད་ཀྱི་མེད། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས། སྤྱིར་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་མི་རྣམས་གཅིག་མཚུངས་ཀྱི་ཐོབ་ཐང་སོགས་ཡོད་ནའང་འབྱོར་ལྡན་པ་ཚོས་དབུལ་པོ་ཚོར་བཤུ་གཞོག་བཏང་ཡོད། དེར་བརྟེན་མི་རྣམས་ཀྱིས་སོ་སོ་རང་ཉིད་ལ་གདེང་སྤོབས་བྱེད་ཐུབ་ཀྱི་མེད། ཅེས་བཀའ་ལན་སྩལ།

ཝན་ཌི་སི་ལགས་ཀྱིས་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་ཚོས་བྲིས་པའི་རྩོམ་ཡིག་ཁག་གཅིག་ནང་ཁོང་ཁྲོ་ཡོད་པ་ཕྱི་ལ་བསྟན་འདུག ཅེས་བརྗོད་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་ནག་གི་ལས་བྱེད་མགོ་མཁྲེགས་པོ་གྲས་ཀྱིས་བོད་པ་ཚོས་བོད་ཀྱི་སྐད་དང་རིག་གཞུང་སོགས་ཀྱི་ཁྱད་ཆོས་གླེང་སྐབས་དེ་ནི་ཁ་བྲལ་རིང་ལུགས་པ་རེད་ཅེས་བརྗོད་དེ་མཐར་བོད་མི་ཚོས་ཆོས་དང་སྐད་ཡིག་སོགས་སྦྱོང་རྒྱུའི་ཐོག་དམ་བསྒྲགས་བྱེད་ཀྱི་ཡོད།

ཕྱི་ལོ་ ༡༩༧༤ ལོར་ངོས་ཀྱིས་རང་བཙན་གཙང་མ་རྩོད་རྒྱུ་དེ་དོར་བར་བརྟེན་མི་ཁ་ཤས་ཤིག་གིས་ངོས་ཀྱི་ཐོག་ལའང་ཁོང་ཁྲོ་ལངས་མྱོང་། ཕྱི་དངོས་པོ་ཡར་རྒྱས་ཀྱི་ཆེད་ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་བསྡད་ན་ང་ཚོར་ཁེ་ཕན་ཡོད། འོན་ཀྱང་ང་ཚོས་ངེས་པར་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་། རང་བྱུང་ཁོར་ཡུག་བདག་གཅེས་བྱེད་ཐུབ་པ་དགོས། བོད་ཀྱི་རང་བྱུང་ཁོར་ཡུག་བདག་གཅེས་བྱེད་རྒྱུ་དེ་བོད་མི་གཅིག་པུའི་ཁེ་ཕན་མ་ཡིན་པར། བོད་མཐོ་སྒང་ནས་གཞུར་བཞིན་པའི་གཙང་པོ་དག་གིས་ཨེ་ཤི་ཡའི་མི་ཐེར་འབུམ་གཅིག་ལྷག་ལ་ཁེ་ཕན་ཐོགས་ཀྱི་ཡོད། ཅེས་དང་།

གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉོན་མོངས་ཇི་ལྟར་མེད་པར་བཟོ་དགོས་ཞེས་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་གསུང་དོན། སྤྱིར་བློའི་རྣམ་གཞག་སྐོར་ཤེས་རྟོགས་དགོས་པ་མ་ཟད། དེ་ཚོའི་སྐོར་བརྟག་དཔྱད་བྱེད་དགོས། དཔེར་ན། རང་གཅེས་འཛིན་དང་སེམས་ཁྲལ་གྱི་བློ་དེས་སེམས་ལ་ཁོང་ཁྲོ་ལང་གི་ཡོད།ཅེས་བཀའ་ལན་སྩལ།

མགོན་པོ་གང་ཉིད་མཆོག་གིས་སྐུའི་ཡང་སྲིད་སྐོར་དང་འབྲེལ་བའི་གསུང་དོན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་མགོན་པོ་ཀླུ་སྒྲུབ་ཀྱི་ཡང་སྲིད་ངོས་འཛིན་ཞུས་མེད། སྤྲུལ་སྐུ་ངོས་འཛིན་ཀྱི་ལམ་ལུགས་དེ་ཕྱོགས་གཅིག་ནས་བལྟས་ན་ཞིང་བྲན་རིང་ལུགས་ལྟ་བུ་རེད། བླ་མའི་ཞབས་ཕྱི་བ་ཚོས་མུ་མཐུད་བླ་མའི་རྒྱུ་ནོར་དང་ཁེ་དབང་ལ་ལོངས་སུ་སྤྱོད་ཀྱི་ཡོད།

འབྱུང་འགྱུར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་དད་ལྡན་མང་ཚོགས་ཀྱིས་ཐག་གཅོད་དགོས་པའི་གསལ་བསྒྲགས་ཕྱི་ལོ་ ༡༩༦༩ འགོ་སྟོད་ཙམ་ནས་བྱས་ཟིན། ངོས་རང་ལོ་བརྒྱད་ཅུའི་མཇུག་ཙམ་དང་། ཡང་ན་ལོ་དགུ་བཅུ་ཙམ་ལ་སླེབ་སྐབས་བོད་ཀྱི་བླ་ཆེན་རྣམ་པ་དང་ལྷན་ཚོགས་འདུ་ཞིག་ཚོགས་ནས་གནད་དོན་གལ་ཆེའི་ཐོག་ཐག་གཅོད་བྱ་རྒྱུ་དང་།  ཡང་ན་ཡེ་ཤུའི་བླ་ཆེན་གཤེགས་སྐབས་བླ་ཆེན་གྱི་འགན་ཁུར་མཁན་གཙོ་བོ་དེ་ཚོའི་ནང་ནས་འོས་བསྡུ་བྱས་ཏེ་བླ་ཆེན་བསྐོ་གི་ཡོད། འདི་འདྲའི་གནས་ཚུལ་ཡང་ཡོང་མི་སྲིད་པ་མིན་ལ་ཡོང་ཆོག་པའང་ཡིན། དེ་སྔ་ལོ་རྒྱུས་ནང་བྱུང་མྱོང་བར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བདག་པོ་བརྒྱབ་པ་གང་ཞིག་ལ། བདག་པོ་རྒྱག་སྟངས་དེ་ཡང་བླ་མ་མ་གཤེགས་གོང་འདི་ངའི་ཡང་སྲིད་ཡིན་ཞེས་ངོས་འཛིན་གནང་པ་དེ་འདྲ་ཡོང་གི་ཡོད།

འཛམ་གླིང་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་གཙོ་བོ་ང་ཚོས་འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་སྤུན་ཟླ་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས། ཞེས་བཀའ་ལན་སྩལ་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཏི་ཡག་ར་ཇི་ Tyagaraj Stadium རྩེད་རར་ཆིབས་སྒྱུར་བསྐྱངས་སྐབས་རྒྱལ་ས་ལྡི་ལི་མངའ་གཞུང་གི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་ ༥༠༠༠ ལྷག་གིས་བདེ་སྐྱིད་སྐྲུན་ཐབས། Happiness Curriculum ཞེས་པའི་སློབ་དེབ་དེ་དབུ་འབྱེད་གནང་རྒྱུའི་ཆེད་མགོན་པོ་གང་ཉིད་མཆོག་ལ་བསྒུགས་ནས་བཞུགས་ཡོད།

སྐབས་དེར་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨར་ཝིན་དི་ཀེ་ཇི་རི་ཝལ་ Mr. Arvind Kejriwal མཆོག་དང་བློན་ཆེན་གཞོན་པ་སྐུ་ཞབས་མ་ནི་ཤི་སི་སོ་ཌི་ཡ་ Mr. Manish Sisodia མཆོག་གིས་གཙོས་སློབ་སྤྱི་དང་དགེ་རྒན། མི་མང་བཅས་ནས་དགའ་སྤྲོའི་ངང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་ཁང་ནང་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་རོལ་མོ་དགེ་རྒན་ཁག་གཅིག་གིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུའི་གཞས་སྣ་གཟིགས་འབུལ་དང་སློབ་ཕྲུག་ཁག་གཅིག་གིས་སྐུ་མགྲོན་རྣམ་པར་མེ་ཏོག་ཕུལ་གྲུབ་མཚམས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨར་ཝིན་དི་ཀེ་ཇི་རི་ཝལ་མཆོག་གིས་གསུང་དོན། བདེ་སྐྱིད་སྐྲུན་ཐབས་ཞེས་པའི་དཔེ་དེབ་འདི་དབུ་འབྱེད་གནང་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པ་གཞན་སུ་གང་མེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགྲོན་འབོད་ཞུས་པ་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་བར་ང་རང་སྒེར་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་།

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། བཀུར་འོས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨར་ཝིན་དི་ཀེ་ཇི་རི་ཝལ་མཆོག་དང་བློན་ཆེན་གཞོན་པ་སྐུ་ཞབས་མ་ནི་ཤི་སི་སོ་ཌི་ཡ་མཆོག་གིས་གཙོས་མཆེད་གྲོགས་ཕོ་མོ་ཡོངས་ལ་ཞུ་རྒྱུར། གོ་སྐབས་འདི་ཧ་ཅང་དོན་དང་ལྡན་པ་ཞིག་རེད་སྙམ། ཁྱེད་རྣམ་པའི་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ངོས་རང་མཛད་སྒོ་འདིའི་ཐོག་མགྲོན་འབོད་གནང་བར་ཧ་ཅང་དགའ་པོ་བྱུང་། རྒྱ་གར་གནའ་རབས་ཀྱི་རིག་གནས་དང་དེང་རབས་ཤེས་ཡོན་གཉིས་ཟུང་འབྲེལ་ཡོང་ཐུབ་པར་ངོས་ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད།

ངོས་རང་དུས་རབས་ ༨ ནང་བོད་དུ་དར་བའི་དཔལ་ན་ལེནྡྲའི་གནའ་རབས་རིག་གནས་ཀྱི་རྗེས་འཇུག་པ་ཞིག་ཡིན། དཔལ་ན་ལེནྡྲའི་མཁས་པའི་དབང་པོའི་གྲས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་ཏེ་དཔལ་ན་ལེནྡྲའི་ཆོས་བརྒྱུད་དེ་བཞིན་བོད་དུ་དར་སྤེལ་མཛད་ཡོད། དེ་ཡང་མཁན་ཆེན་ཞི་བ་འཚོ་ནི། ནང་པའི་དགེ་སློང་ཞིག་དང་། ལྟ་གྲུབ་སྨྲ་བ་པོ། ཚད་མ་རིག་པ་བ་བཅས་རེད། མཁན་ཆེན་ཞི་བ་འཚོའི་སློབ་ཕྲུག་ཀ་མ་ལ་ཤཱི་ལས་ཀྱང་བོད་དུ་ནང་པའི་ལྟ་གྲུབ་དར་སྤེལ་མཛད་ཡོད།

རྒྱ་གར་གནའ་རབས་ཀྱི་རིག་གནས་བོད་དུ་མ་དར་གོང་བོད་གངས་ཅན་གྱི་ཡུལ་དེ་མུན་པའི་ཡུལ་རེད། ཅེས་བོད་ཀྱི་མཁས་པ་ཞིག་གིས་ངོས་ལ་བརྗོད་བྱུང་། བོད་པ་ཚོ་བློ་འགེལ་ཆོག་པའི་རྒྱ་གར་གྱི་དགེ་ཕྲུག་ཡིན། རྒྱུ་མཚན་ནི་བོད་པ་ཚོས་ལོ་ངོ་ ༡༠༠༠ གོང་གི་རྒྱ་གར་གནའ་རབས་ཀྱི་རིག་གནས་བདག་པོ་བརྒྱབ་ཐུབ་ཡོད། དཀའ་ངལ་མང་པོ་ཞིག་ང་ཚོ་རང་གིས་བཟོས་པ་ཡིན། དེང་དུས་ཤེས་ཡོན་གཅིག་པུས་འགྲོ་བ་མིའི་སེམས་ལ་ཞི་བདེ་སྐྲུན་ཐུབ་ཀྱི་མེད། ངོས་རང་ས་ཕྱོགས་གང་དུ་བསྐྱོད་ཀྱང་ལུས་ཀྱི་འཕྲོད་བསྟེན་གལ་ཆེ་རྩི་བཞིན་ཡོད་པ་ལྟར་ནང་སེམས་ཀྱི་འཕྲོད་བསྟེན་ཡང་གང་ཆེན་པོ་ཡིན་པ་བརྗོད་ཀྱི་ཡོད།

རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་ནང་ཞི་གནས་དང་ལྷག་མཐོང་སོགས་བློའི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་སྐོར་ཞིབ་ཕྲ་གསུང་ཡོད། དེ་བཞིན་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་གྲུབ་དེ་དག་ནི་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་དང་ཞི་བདེ་ཡོང་བའི་རྩ་བ་ཡིན། གལ་ཏེ་རྒྱ་གར་ནང་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སློབ་གསོ་ཞིག་གོང་འཕེལ་གཏང་ཐུབ་ཚེ། རྒྱ་ནག་གིས་ཀྱང་རྒྱ་གར་གྱི་གནའ་དེང་ཤེས་ཡོན་སློབ་གསོ་ལ་དོ་སྣང་བྱེད་རྒྱུ་ཡིན་པ་ངོས་རང་ལ་ཡིད་ཆེས་ཡོད། དེ་ལྟར་བྱུང་ན་འཛམ་གླིང་གི་མི་འབོར་ཐེར་འབུམ་ ༢་༥ ལྷག་ལ་ཤུགས་རྐྱེན་ཐེབས་ངེས་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ། 

སྤྱིར་བདེ་སྐྱིད་སྐྲུན་ཐབས་ཞེས་པའི་དཔེ་དེབ་ནི་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར།  འགྲོ་བ་མིའི་བཟང་པོའི་རིན་ཐང་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་གཞི་རྩར་བཟུང་ནས་རྒྱ་གར་གནའ་རབས་སྲོལ་རྒྱུན་ལེགས་བཤད་ནས་གསུང་པའི་ཞི་གནས་དང་ལྷག་མཐོང་ཉམས་ལེན་བརྒྱུད་མིའི་བསམ་བློ་ཞི་བདེ་བག་ཕེབས་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༨ ཟླ་ ༧ ནས་བཟུང་རྒྱ་གར་རྒྱལ་ས་ལྡི་ལིའི་མངའ་སྡེ་གཞུང་གི་སྟངས་འཛིན་འོག་ཡོད་པའི་སྔོན་འགྲོ་འཛིན་གྲྭ་ནས་འཛིན་རིམ་བརྒྱད་པའི་བར་གྱི་སློབ་གྲྭ་ཚང་མའི་ནང་སློབ་ཁྲིད་གནང་རྒྱུ་ཡིན་པ་རེད།  མཇུག་ཏུ་རི་མོ་དགེ་རྒན་ཞིག་གིས་བྲིས་པའི་མགོན་པོ་༸གང་ཉིད་མཆོག་གི་སྐུ་འདྲ་ཞིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨར་ཝིན་དི་ཀེ་ཇི་རི་ཝལ་མཆོག་དང་བློན་ཆེན་གཞོན་པ་སྐུ་ཞབས་མ་ནི་ཤི་སི་སོ་ཌི་ཡ་མཆོག་རྣམ་གཉིས་ལ་བཀྲ་ཤིས་རྟགས་བརྒྱད་ཀྱིས་བརྒྱན་པའི་ཕྱག་རྟགས་རེ་དང་དཀར་གཙང་ཁ་བཏགས་རེ་སྩལ། མགོན་པོ་གང་ཉིད་མཆོག་གིས་བློན་ཆེན་མཆོག་དང་འབྲེལ་ཡོད་ལས་བྱེད་ལྷན་ཉིན་གུང་གི་ལྗགས་སྨིན་ལྷན་བཞེས་མཛད་ཡོད། །

Share with your friends










Submit