ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོ
དེ་ཡང་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་གིས་ནིའུ་ཀ་སེལ་ས་གནས་བོད་མི་རྣམས་ལ་འཚམས་འདྲི་དང་། སྐབས་བཅོ་ལྔ་པའི་བཀའ་ཤག་གི་ལས་དོན་ཞུ་སྒོ་ཁག་ངོ་སྤྲོད་མདོར་བསྡུས་ཙམ་གནང་རྗེས། བོད་མིའི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་དང་། ལྷག་དོན་བཙན་བྱོལ་བོད་མི་ཚོས་ཕྱི་ནང་ངོ་འཕྲོད་པའི་ཐོག་ནས་སོ་སོའི་རྐང་རྗེས་ལག་བསུབས་གནང་རྒྱུ་མེད་པའི་ལམ་སྟོན་གནང་བ་མ་ཟད། ནིའུ་ཀ་སེལ་ས་གནས་བོད་མི་ཚོས་དོགས་འདྲི་ཁག་ལ་ལན་འདེབས་གནང་བ་དང་། མ་འོངས་པར་ས་གནས་བོད་རིགས་མཐུན་ཚོགས་ནས་བོད་མི་ནང་ཁུལ་གྱི་མཐུན་ལམ་ཡར་རྒྱས་དང་། སྐད་ཡིག་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་མུ་མཐུད་འབད་འབུངས་དགོས་པའི་སྐུལ་མ་གནང་ཡོད། དེ་དང་ཆབས་ཅིག་ནིའུ་ཀ་སེལ་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ངོས་ནས་སྐུ་མགྲོན་རྣམས་ལ་ཕེབས་བསུའི་ཚུལ་དུ་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཀྱང་གནང་ཡོད་པ་རེད།
གཞན་ཡང་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་དང་ཨོ་གླིང་སྐུ་ཚབ་དོན་གཅོད་མཚོ་མགོ་ལགས་རྣམ་གཉིས་ནས་ཀྱང་ཆོལ་གསུམ་བོད་མིའི་རྡོག་རྩ་གཅིག་སྒྲིལ། ཡུལ་མིའི་དབར་གྱི་མཐུན་ལམ་གོང་འཕེལ། མ་འོངས་སོན་རྩ་རྣམས་ཀྱི་སྐད་ཡིག་སློབ་གསོ་ཡར་རྒྱས། རིག་གཞུང་རྒྱུད་འཛིན་སོགས་ཀྱི་ཐད་ལ་བླང་དོར་གྱི་ལམ་སྟོན་ཟབ་ཅིང་རྒྱས་པ་གནང་སོང་།
ཕྱི་ཚེས ༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་དང་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཨོ་གླིང་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས། ནིའུ་ཀ་སེལ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་པདྨ་ཚེ་རིང་ལགས་བཅས་ས་གནས་སུ་ཡོད་པའི་རིག་པ་ཆོས་ཚོགས་སུ་གཟིགས་སྐོར་དང་། ཆོས་ཚོགས་ཀྱི་རྒྱལ་ཡོངས་འགན་འཛིན་ཁཱ་ཐི་རེན་ལགས་དང་དཔལ་འབྱོར་འགན་འཛིན་སྐུ་ཞབས་མཱལ་ཁེན་ལགས། ས་གནས་འགན་འཛིན་སུའུ་ལགས་དང་ཚོགས་མི་ཁག་གཅིག་བཅས་དང་ཐུགས་འཕྲད་གནང་བ་དང་། ད་ལྟའི་བར་རིག་པ་ཆོས་ཚོགས་ནས་ས་གནས་བོད་རིགས་མཐུན་ཚོགས་དང་བོད་ཡིག་སློབ་གྲྭ་སོགས་ལ་རྒྱབ་སྐྱོར་རོགས་རམ་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མ་འོངས་པར་མུ་མཐུད་རོགས་རམ་གནང་རྒྱུ་དང་ལྷག་དོན་ལོ་ལྟར་འཚོགས་འཆར་ཡོད་པའི་ཨོ་གླིང་བོད་ཀྱི་མདའ་རྩལ་འགྲན་བསྡུར་གྱི་ལས་དོན་ཁག་རྒྱ་ཇེ་ཆེ་དང་འཐུས་ཇེ་ཚང་དུ་གཏོང་ཐབས་སོགས་ལ་རྒྱབ་སྐྱོར་གནང་རོགས་ཞུས་པར། རིག་པ་ཆོས་ཚོགས་ནས་ཀྱང་ས་གནས་བོད་རིགས་མཐུན་ཚོགས་ལ་རོགས་ཕན་གང་དགོས་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད།
ཕྱི་ཚེས ༧ ཉིན་ས་གནས་ཀྱི་གཟའ་མཇུག་གུང་སེང་དང་བསྟུན། ནིའུ་ཀ་སེལ་བོད་རིགས་མཐུན་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཤིང་། ནིའུ་ཀ་སེལ་རིག་པ་ཆོས་ཚོགས་ཀྱི་རྒྱལ་ཡོངས་འགན་འཛིན་གྱིས་གཙོས་ཚོགས་མི་རྣམས་དང་། ནིའུ་ཀ་སེལ་ས་གནས་དང་མཱེ་ཐུ་ལན་ཀྲི་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ། བོད་དོན་རྒྱབ་སྐྱོར་མི་སྣ་དང་ནང་པའི་རྗེས་འཇུག་པ། ས་གནས་བོད་མི་བཅས་ཁྱོན་མི་གྲངས་ ༡༤༠ ལྷག་མཉམ་འཛོམས་གནང་སྟེ། བོད་པའི་རིག་གཞུང་འཁྲབ་སྟོན་གནང་ཞིང་། ༸སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་པ་དང་ཆབས་ཅིག རྒྱུན་རིང་བོད་དོན་དང་ས་གནས་བོད་མིར་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང་ཚོགས་སྒེར་རྣམས་ལ་བོད་མིའི་སྒྲིག་འཛུགས་ནས་གཅིག་གྱུར་འབུལ་གནང་མཛད་བཞིན་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་དང་གཟེངས་བསྟོད་ཕྱག་འཁྱེར་ཕུལ་ཡོད་པ་བཅས། །