ཟླ་བ་ ༧ ཚེས ༡༣ ༢༠༡༨
Published By སྐལ་བཟང་བདེ་སྐྱིད།
ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།   བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཝར་མོན་ཊི་མངའ་སྡེར་ལས་དོན་རྣམས་ལེགས་པར་གྲུབ་རྗེས།  ཕྱི་ལོ་ ༢༠༡༨ ཟླ ༧ ཚེས ༡༡ ཉིན་ཝར་མོན་ཊི་ནས་ཨེམ་ཧར་སེ་ཊེ Amherst ཕེབས་སྐབས་ཝར་མོན་ཊི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་ཆོས་འཕེལ་ལགས་དང་། ཐང་པ་ཚང་གྲགས་པ་རྒྱ་མཚོ་སོགས་ནས་ཨེམ་ཧར་སེ་ཊེ་བར་ཕེབས་སྐྱེལ་དང་ས་གནས་ཨམ་ཧར་སེ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་ཕེབས་བསུ་ཞུས་ཡོད།
དེ་ཡང་ཉིན་རྒྱབ་ཨེམ་ཧར་སེ་ཊེ་ས་གནས་ཉིན་རེའི་ཚགས་པར Daily Hampshire Gazette གསར་འགོད་པས་བཅར་འདྲི་ཞུས་པ་དེ་ཉིད་ཕྱི་ཉིན་གསར་ཤོག་ནང་བོད་དང་བོད་མིའི་སྒྲིག་འཛུགས་སྐོར་ཐོན་ཡོད། དགོང་མོ་ཆུ་ཚོད ༥ ཐོག་ཨེམ་ཧར་སེ་རྟེན་གཞི་བྱས་པའི་ཆོས་ཚོགས་འཇམ་དཔལ་སྙིང་པོའི་གླིང་ལ་འཚམས་གཟིགས་གནང་།
ཕྱི་ལོ་ ༢༠༡༨ ཟླ ༧ ཚེས ༡༢ ཉིན་གྱི་སྔ་དྲོ་གྲོང་ཁྱེར་ནོར་ཐེམ་ཊོན་ Northamton གྱི་སྤྱི་ཁྱབ་པ་སྐུ་ཞབས་ཌེ་ཝེཌེ་ཇེ་ནར་ཁེ་ཝེཀ་ཛར་ David J. Narkewicz ལགས་དང་མཇལ་འཕྲད་གནང་རྗེས་གྲོང་ཁྱེར་ཨེམ་ཧར་སེ་ཊེ་སྤྱི་ཁྱབ་པ་སྐུ་ཞབས་པུལ་སྦོ་ཀེལ་མེན་ Paul Bockelman  ལགས་སོགས་ས་གནས་ཀྱི་དཔོན་རིགས་ཁག་གཅིག་དང་མཇལ་འཕྲད་གནང་། དགོང་མོ་ཆུ་ཚོད ༥ ཐོག་ས་གནས་བོད་མི་བརྒྱ་མ་ཟིན་ཙམ་ལ་གསུང་བཤད་གནང་།  
དེ་ནས་ནང་སྲིད་བཀའ་བློན་མཆོག་གིས་ས་གནས་དཔོན་རིགས་རྣམས་ལ་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། བོད་མིའི་སྒྲིག་འཛུགས་ནས་བོད་རྒྱ་གཉིས་ཀྱི་དཀའ་སེལ་གུ་ཡང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར། ལྷག་པར་ས་གནས་གཞུང་དང་མང་ཚོགས་ནས་བོད་དང་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དང་། འདི་ལོར་བོད་མི་གནས་ཡུལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་བཞིན་པ་ལྟར། ད་ལམ་དངོས་སུ་ས་གནས་འདིའི་གཞུང་མང་གཉིས་ལ་བཀའ་དྲིན་ཆེ་ཞུ་བར་བཅར་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། ས་གནས་བོད་མི་རྣམས་ལ་ད་ལམ་བྱང་ཨ་རིའི་ས་གནས་ཁག་གཅིག་ལ་ཕེབས་དགོས་དོན་ནི།  བཀའ་ཤག་སྐབས་འདིའི་ལས་ཁུར་ཞུས་ནས་ལོ་གཉིས་འཁོར་བའི་ནང་ལས་དོན་གང་གནང་ཡོད་པའི་སྐོར་སྤྱི་དང་། ཡང་སྒོས་ཡོང་རྒྱུའི་ལོ་གསུམ་ནང་གང་གནང་འཆར་ཡོད་པ། གཞན་ཡང་ལྔ་དང་ལྔ་བཅུའི་འཆར་སྣང་དང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་གསུང་བཤད་གནང་། 
བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་ནང་སྲིད་བཀའ་བློན་མཆོག་བྱང་ཨ་རིའི་མངའ་སྡེ་ཁག་གི་ནང་ཕེབས་སྒྲིག་དང་དོན་གཅོད་ལས་བྱེད་དྲུང་གཞོན་བསྟན་འཛིན་ཚེ་དཔག་ལགས་མཉམ་བཅར་ཞུ་བཞིན་ཡོད་པ་བཅས།།
Share with your friends










Submit