ཟླ་བ་ ༧ ཚེས ༡༡ ༢༠༡༨
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༡ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༡ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་ཀྱི་ཆས་གོས་དང་རྒྱན་ཆའི་སྐོར་དུས་ཐུང་པར་རིས་འགྲེམས་སྟོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་དེ་སྔའི་དྲུང་ཆེ་རྣམ་རྒྱལ་ལྷ་མོ་སྟག་ལྷ་ལགས་ཀྱིས་བརྩམས་གནང་བའི་ Costumes and Jewellery of Tibet ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་། 

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས། ཕྱི་དྲིལ་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས།རྣམ་རྒྱལ་ལྷ་མོ་སྟག་ལྷ་ལགས། བོད་མི་མང་སྤྱིན་འཐུས་ཁག་གཅིག སྐུ་སྒེར་དྲུང་ཆེ། རྡ་ས་ས་གནས་འགོ་འཛིན་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི། ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དར་མཚོན་གཅོད་འབྲེག་གནང་སྟེ་བོད་ཀྱི་ཆས་གོས་དང་རྒྱན་ཆའི་ཐོག་དུས་ཐུང་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་གྲུབ་མཚམས་པར་རིས་ཁག་ལ་གཟིགས་ཞིབ་གནང་། 

དེ་ནས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་ཟུང་དྲུང་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕེབས་བསུ་དང་ལྷན་ངོ་སྤྲོད་ཞུས་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་ཀྱི་ཆས་གོས་དང་རྒྱན་ཆ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་བསྟུན་རྣམ་རྒྱལ་ལྷ་མོ་སྟག་ལྷ་ལགས་ཀྱིས་དཔེ་དེབ་ཀྱི་རྒྱབ་ལྗོངས་སོགས་ཀྱི་སྐོར་ངོ་སྤྲོད་གནང་།

དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། རྣམ་རྒྱལ་ལྷ་མོ་སྟག་ལྷ་ལགས་ཀྱིས་ཕྱི་ལོ་ ༡༩༩༤ ཙམ་ནས་སྐུ་ལས་ཧ་ཅང་བསྐྱོན་ཏེ་བོད་ཀྱི་ཆས་གོས་དང་རྒྱན་ཆའི་སྐོར་དཔེ་དེབ་འདི་བརྩམས་པ་རེད། རྣམ་རྒྱལ་ལྷ་མོ་སྟག་ལྷ་ལགས་ཀྱིས་དཔེ་དེབ་འདི་ཉིད་བརྩམ་སླད་ཐོག་མ་འཆར་གཞི་སྒྲིག་སྟངས་དང་། དེ་ནས་པར་རིས་མཁོ་སྒྲུབ་གནང་སྟངས་སྐོར་ཐོས་སྐབས་གལ་ཏེ་ཞིབ་འཇུག་མཐིལ་ཕྱིན་བྱེད་དགོས་ཀྱི་ཡོད་ན། ཇི་ལྟར་བྱེད་དགོས་པ་དང་། དེབ་ཞིག་རྩོམ་པར་སྐུ་ལས་གང་འདྲ་རྒྱག་དགོས་པ། པར་རིས་ཁག་གི་རྒྱབ་ལྗོངས་ལོ་རྒྱུས་མི་རྒན་པར་བཀའ་འདྲི་གནང་རྒྱུའི་ཐད་སྐུ་ལས་སྐྱོན་དགོས་ཀྱི་ཡོད། རྒྱན་ཆའི་མིང་འབྲི་སྐབས་དག་ཆ་ནོར་ཡོད་མེད་ཚིག་མཛོད་ཆེན་མོར་གཟིགས་ནས་ཧ་ཅང་སྤུ་དག་པོ་གནང་ཡོད་སྟབས་བསྔགས་བརྗོད་འོས་པའི་ཕྱག་ལས་གནང་འདུག ངས་དཔེ་དེབ་དབུ་འབྱེད་ཁག་མང་པོ་ཞིག་ལ་བཅར་མྱོང་ཡོད་པའི་ནང་ནས་ཐེངས་འདིའི་དཔེ་དེབ་འདི་ཉིད་སྤུས་དག་ཤོས་གྲས་བྱུང་འདུག་པར་བརྟེན་ལོ་ངོ་ཉི་ཤུ་ལྷག་སྐུ་ལས་བསྐྱོན་པའི་གྲུབ་འབྲས་སུ་དཔེ་དེབ་འདི་ཉིད་སྤུ་དག་པོ་དང་གཏིང་ཟབ་པོ། འཛམ་གླིང་གི་ཚད་དང་ལྡན་པའི་དཔེ་དེབ་ཕྱོགས་སྒྲིག་གནང་ཐུབ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

སྤྱིར་དེབ་འདིའི་ནང་བོད་ཆོལ་ཁ་གསུམ་གྱི་ཆས་གོས་དང་རྒྱན་ཆ་ཙམ་མ་ཟད། བོད་ཀྱི་གཞུང་ཞབས་པའི་ཆས་གོས་སྐོར་ལོ་རྒྱུས་དང་མཉམ་དུ་པར་རིས་ཡོད་པ་འདི་དཔང་རྟགས་ཧ་ཅང་གལ་ཆེན་པོ་ཞིག་རེད་བསམ་གྱི་འདུག ཚང་མས་མཁྱེན་གསལ་ལྟར་རྒྱ་ནག་གཞུང་གི་བོད་འདི་རྒྱ་སྡེར་སྒྱུར་རྒྱུ་དང་བོད་མི་རྒྱ་རིགས་ལ་སྒྱུར་རྒྱུ་འབད་བརྩོན་བྱེད་ཀྱི་ཡོད། བྱེད་སྟངས་དེ་ཡང་ཕྱོགས་གཅིག་ནས་ཆབ་སྲིད་ཐོག་ནས་བཙན་དབང་དང་དམ་བསྒྲགས། འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་ཀྱི་རང་དབང་མེད་པ་བཟོ་ཡི་ཡོད། ཕྱོགས་གཞན་ཞིག་ནས་བོད་ཆས་དང་རྒྱན་ཆ། གཞས་སྣ་རིགས་ཚང་མ་རིམ་བཞིན་རྒྱ་མིའི་ལུགས་སྲོལ་དང་ཆས་གོས། མཐའ་ན་གཞས་སྣ་འཁྲབ་སྟངས་ཚུན་ཆད་འགྱུར་བ་བཏང་ནས་བོད་འདི་རྒྱ་སྡེར་སྒྱུར་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་སྟབས། ཆབ་སྲིད་དང་ལོ་རྒྱུས་ཐོག་ནས་ཀྱང་དཔེ་དེབ་འདི་གནད་འགག་ཆེ་བའི་བོད་མི་ཟེར་དུས་བོད་རྒྱལ་ཁབ་འདི་ཉིད་ལོགས་དགར་ཡིན་པའི་དཔང་རྟགས་གལ་ཆེན་པོ་ཞིག་ད་རེས་གྲུབ་ཐུབ་པ་བྱུང་འདུག དེར་བརྟེན་རྣམ་རྒྱལ་ལྷ་མོ་སྟག་ལྷ་ལགས་ཀྱིས་ད་རེས་སྐུ་ལས་བསྐྱོན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཅེས་གསུང་བཤད་གནང་།།

 

Share with your friends










Submit