ཟླ་བ་ ༦ ཚེས ༡༣ ༢༠༡༨
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༣ རེས་གཟའ་ལྷག་པ།

ཕྱི་ཟླ་ ༦ ཚེས་ ༢ ཉིན་རྡ་སར་གསར་འགྱུར་ཚན་པའི་ལོ་འཁོར་ལྷན་ཚོགས་ཐོག

༄༅། །ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་བདེ་མིན་གྱི་གཏམ་འཆལ་ཞིག་དྲ་རྒྱ་ག་གེ་མོ་ཞིག་གིས་སྤེལ་ཡོད་སྟབས། འདི་ག་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་པ་བསྟན་འཛིན་རིག་ལྡན་ལགས་ཀྱིས་༸སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གི་༸སྐུའི་འཕྲོད་བཞེས་གནས་སྟངས་ཇི་ཡིན་སྐོར་བཅར་འདྲི་ཞུས་པར་༸སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ལན་འདེབས་གནང་དོན།

ཉེ་ཆར་དྲ་རྒྱ་ཁག་གཅིག་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་དེ་ཉམ་དམའ་བོ་དང་ཛ་དྲག་པོ་ཡིན་པའི་གནས་ཚུལ་ཞིག་ཐོན་ཡོད། གནས་ཚུལ་དེ་བདེན་པ་རྩ་བ་ནས་མ་རེད། 

དངོས་ཡོད་གནས་སྟངས་དེ་འདྲ་རྩ་བ་ནས་མིན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་གཟུགས་ཀྱི་གནས་སྟངས་ག་འདྲ་ཡོད་མེད་སྐོར་ཁུངས་སྐྱེལ་ར་སྤྲོད་བྱེད་དགོས་ཀྱི་ཨེ་ཡོད་ན་སྙམ།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཕྱི་ཟླ་ ༦ ཚེས་ ༦ ནས་ ༨ བར་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞོན་སྐྱེས་ཚོར་གསུང་ཆོས་སྩལ་ཡོད་པ་མ་ཟད། ཕྱི་ཚེས་ ༡༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད། དེ་ནས་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ལྡི་ལི་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐུ་ཝེ་ནི་ཡར་ Lithuania ཆིབས་སྒྱུར་བསྐྱངས་ཡོད། དེ་ནས་ཕྱི་ཟླ་ ༧ ནང་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུ་དང་། དེ་བཞིན་ཕྱི་ཟླ་ ༩ ནང་ཡུ་རོབ་ལ་བསྐྱར་དུ་ཆིབས་སྒྱུར་བསྐྱང་རྒྱུ་རེད།

གལ་ཏེ་༸སྐུའི་སྙུང་གཞི་ཛ་དྲག་པོ་ཡོད་ན། ཡུ་རོབ་རྒྱལ་ཁབ་ཁག་དང་ལ་དྭགས་སོགས་ལ་ཆིབས་སྒྱུར་རྩ་བ་ནས་གནང་མི་ཐུབ། དེར་བརྟེན་ད་ལྟའི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་ཧ་ཅང་ཡག་པོ་ཡོད། ད་ལོ་ལོ་འགོ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཆ་ཚང་གནང་བ་རེད།  སྐབས་དེར་སྨན་པས་༸སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཡག་པོ་ཡོད་པ་སྙན་སེང་ཞུས་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྨན་ཁང་ལ་ཆིབས་སྒྱུར་བསྐྱང་དགོས་པ་དང་། ཉིན་རེའི་ཕྱག་ལས་གནང་མ་ཐུབ་པའི་གནས་སྟངས་སོགས་རྩ་བ་ཉིད་ནས་མེད། དེར་བརྟེན་ད་ལྟའི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་གཟུགས་གསལ་ཐང་ཡིན།  དེར་བརྟེན་ཚང་མ་ཐུགས་ལྷོད་ལྷོད་ངང་བཞུགས་རོགས་གནང་། ཞེས་གསུངས།

Share with your friends










Submit