ཟླ་བ་ ༦ ཚེས ༡ ༢༠༡༨
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡ རེས་གཟའ་པ་སངས།

ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས།

༄༅།  །ཕྱི་ལོ་ ༢༠༡༨ ལོ་འདི་བཞིན་དཔལ་ལྡན་བཀའ་ཤག་ནས་བོད་མི་ཡོངས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་གཏན་འཁེལ་གནང་བ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༨ དང་ ༢༩ བཅས་ཉིན་གྲངས་གཉིས་རིང་ཧོན་སུར་རབ་རྒྱས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་སྣེ་ཁྲིད་འོག་ཁྱབ་ཁོངས་སེར་སྐྱ་མང་ཚོགས་ནས་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བའི་དུས་ཚིགས་ཁྱད་པར་ཅན་ཉིན་རྒྱ་གར་ཆེད་སྨོན་ལམ་ Pray For India གསུང་འདོན་གནང་ཡོད།

ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས།

དེ་ཡང་ས་ག་ཟླ་བའི་ཚེས་བཅོ་ལྔ་སྟེ་ཆོས་ཕྱོགས་ཀྱི་དུས་ཚིགས་ཁྱད་པར་ཅན་དེར་ཁྱབ་ཁོངས་དགོན་སྡེ་དཔལ་རྒྱུད་སྨད་གྲྭ་ཚང་དང་། རྫོང་ཆོས་གྲྭ་ཚང་། རྙིང་དགོན་དབུ་རྒྱན་གླིང་གྲྭ་ཚང་བཅས་དགོན་སྡེ་ཁག་གསུམ་གྱི་དགེ་འདུན་པ་རྣམས་ཀྱིས་དམིགས་བསལ་སྨོན་ལམ་གསུང་འདོན་གནང་ཡོད། ཕྱོགས་མཚུང་སྤྱི་མི་དང་བརྒྱ་དཔོན་གྱིས་འགན་ཁུར་འོག་དགོན་སྡེ་གྲྭ་ཚང་གསུམ་ནང་ཉིན་བཞི་རེ་ཆ་བགོས་ཀྱིས་ཉིན་བཅུའི་རིང་ས་གནས་མང་ཚོགས་འདུ་བསྐོང་གིས་ཆོས་ཕྱོགས་ཀྱི་ལས་འགུལ་མུ་མཐུད་སྤེལ་གནང་། བོད་ཟླ་ ༤ ཚེས་ ༡༤ དང་ཕྱི་ཚེས་ ༢༨ ཉིན་ས་གནས་མི་མང་ནས་རྒྱ་གར་ཆེད་སྨོན་ལམ་གསུང་འདོན་གནང་བ་དང་། སྒོས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་། མཛད་འཕྲིན་སྔར་ལྷག་རྒྱས་པ། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་འགྲུབ་པའི་ཆེད་དུ་དམིགས་བསལ་སྨོན་ལམ་ཚོགས་ཡོད།
དེ་རྗེས་བོད་ཚེས་ ༡༥ ཉིན་རྒྱ་གར་ཆེད་རྣམ་དཀར་དགེ་བའི་ལས་ལ་འབུང་ཆེད་ཉ་གང་མང་ཚེ་ཐར་བཏང་ཡོད།

མོན་གྷོ་འདོད་རྒུ་གླིང་།

ཕྱོགས་མཚུངས་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་རྭ་སྟོད་གྲྭ་ཚང་གཉིས་ནས་༼གཞིས་བྱེས་བོད་མི་ཡོངས་ནས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ།༽ ཞེས་པའི་ལས་འཆར་གྱི་ཆ་ཤས་སུ། བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བཅོ་ལྔའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོར། བླ་སྤྲུལ་དགེ་བཤེས་ཀྱིས་གཙོས་དགེ་འདུན་འདུས་མང་ཡོངས་ཀྱིས་རང་ཅག་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཕ་ཡུལ་གཉིས་པ་རྒྱ་གར་འཕགས་པའི་ཡུལ་གྱི་སྣོད་བཅུད་རིག་གཞུང་དང་བཅས་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཞིང་རྒྱས་པའི་ཆེད་སྨོན་ལམ་གསུང་འདོན་གནང་བ་སོགས་ཆོས་ཕྱོགས་ཀྱི་ལས་རིགས་སྤེལ་ཡོད།

དེ་བཞིན་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་སྦེང་ལོར་སེར་བྱས་ཆོས་ཚོགས་གཉིས་ཀྱི་གོ་སྒྲིག་འོག་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་རྒྱ་གར་ཆེད་སྨོན་ལམ་གསུང་འདོན་གནང་ཡོད། 

སྦེང་ལོར།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྦེང་ལོར་སེར་བྱས་ཆོས་ཚོགས་ཀྱི་ཚོགས་ཁང་དུ་དགེ་འདུན་པ་དང་། སློབ་ཕྲུག དེ་བཞིན་མི་མང་ཁྱོན་མི་གྲངས་ ༨༠ ཐམ་པ་འདུ་འཛོམས་ཀྱིས་ཐོག་མར་ལྷོ་སྤྱི་ལས་ཁུངས་ཀྱི་དྲུང་ལས་ཀརྨ་དགེ་ལེགས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འཆར་ཁག་ངོ་སྤྲོད་དང་། སེར་བྱས་དགེ་བཤེས་བློ་བཟང་འཇམ་དཔལ་ལགས་ཀྱིས་ས་ག་ཟླ་བའི་ཚེས་བཅོ་ལྔའི་དུས་ཚིགས་ཁྱད་པར་གསུམ་འཛོམས་པའི་སྐོར་དང་། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་རབ་ཀྱི་མཛད་རྣམ་བཅས་ངོ་སྤྲོད་གནང་གྲུབ་བསྟུན་དགེ་འདུན་པ་དང་། མང་ཚོགས་ནས་རྒྱ་གར་ཆེད་བཀྲ་ཤིས་མཚོན་ཆེད་སྨོན་ལམ་གསུང་འདོན་གནང་བ་དང་། ༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ། སངས་རྒྱས་སྨན་བླའི་གཟུངས་སྔགས་བཅས་འདོན་གནང་ཡོད། སྐབས་དེར་སྦེང་ལོར་སུད་ཚོང་ཚོགས་པའི་མཐུན་འགྱུར་འོག་ཉིན་གུང་གསོལ་ཚིགས་གྲ་སྒྲིག་གནང་འདུག ཕྱོགས་མཚུངས་སྦེང་ལོར་གྲོང་སྡེ་ཚོགས་ཁང་ Town Hall དུ་སློབ་ཕྲུག་གཞོན་སྐྱེས་དང་ལས་བྱེད་ཁྱོན་མི་གྲངས་ ༢༤ བཅས་མཉམ་འཛོམས་ཀྱིས་ཆུ་ཚོད་གཅིག་རིང་རྒྱ་གར་གཞུང་མང་ཆེད་སྨོན་ལམ་གསུང་འདོན་དང་། ༸རྒྱལ་བའི་ཞབས་རིམ། བདེན་ཚིགས་སྨོན་ལམ་དང་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་བཅས་གསོག་སྒྲུབ་དང་སྦྲགས་དགོང་དྲོ་ཆུ་ཚོད་ ༥ ཐོག་སྨོན་ལམ་གསུང་འདོན་གྱི་ལས་རིམ་མཇུག་སྒྲིལ་ཡོད།

སྦེང་ལོར།

གཞན་ཡང་སྦེལ་ཀོབ་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་སུ་བོད་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ནས་ཕྱེད་ཡོལ་ཆུ་ཚོད་ ༥ བར་རྒྱ་གར་ཆེད་བཀའ་བརྒྱུད་དགོན་པ་དང་། ཆོས་སྡེ་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་པ་ལྷན་འཛོམས་ཀྱིས་ཉིན་རྒྱ་དུས་གཅིག་གི་སྨོན་ལམ་རྣམ་རྒྱལ་སྟོང་མཆོད་དང་། འབུམ་སྒྲོག སྒྲོལ་མ། གདུགས་དཀར། ཤེས་རབ་སྙིང་པོ། བསྡུས་བསངས། སྐུ་རིམ་རྣམ་གསུམ། སངས་རྒྱས་སྨན་བླའི་ཆོ་ག འོད་དཔག་མེད་ཆོ་ག བཟང་སྤྱོད་སྨོན་ལམ། བདེ་བ་ཅན་གྱི་སྨོན་ལམ། རྒྱལ་བ་འཇམ་དཔལ་སྨོན་ལམ་བཅས་གསུང་འདོན་གནང་ཡོད་པ་བཅས།

སྦེལ་ཀོབ་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས།

Share with your friends










Submit