ཟླ་བ་ ༦ ཚེས ༡༦ ༢༠༡༨
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༦ རེས་གཟའ་སྤེན་པ།

༄༅། །བོད་མིའི་སྒྲིག་འཛུགས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་བར་དགའ་བསུའི་འཚམས་འཕྲིན་གནང་ཡོད།

དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ལ་འཚམས་འཕྲིན་གནང་བའི་ནང་འཁོད་དོན། ཨ་རིའི་མི་སེར་ཡིན་པ་བོད་རིགས་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་བ་ནི་བོད་མིའི་གཟི་བརྗིད་ཡིན་པ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤུན་ཟླ་ཚོ་ལའང་སེམས་ཤུགས་སྐྱེ་རྒྱུ་ཡིན་པ་དང་། དེ་བཞིན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཤུགས་རྐྱེན་བཟོ་ཕོད་པའི་བོད་མི་རིགས་ཀྱི་ནུས་པ་དང་འཇོན་ཐང་མཚོན་ཐུབ། ཅེས་དང་།

དེང་སང་འཛམ་གླིང་ནང་ཆོས་ལུགས་ནང་ཁུལ་དབར་བཟོད་བསྲན་བྱེད་མ་ཐུབ་པར་བརྟེན། རྙོག་གྲ་མང་དག་ཅིག་བྱུང་དང་འབྱུང་བཞིན་ཡོད། རྒྱ་ནག་གཞུང་གིས་བཙན་གནོན་འོག་བོད་ནང་ཆོས་དད་རང་དབང་ཐོག་དྲག་གནོན་བྱེད་བཞིན་ཡོད་པ་དེ་སྐུ་ཉིད་ལ་རྒྱུས་མངའ་ཆེ་བ་ཡོད་པས།  སྐུ་ཉིད་ནས་འཛམ་གླིང་ནང་ཆོས་དད་རང་དབང་གོང་མཐོར་གཏོང་རྒྱུའི་ཆེད་ཕྱག་ལས་གནང་རྒྱུ་ཡིན་པ་ཡིད་ཆེས་ཡོད། ཅེས་འཁོད་འདུག

སྤྱིར་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༢ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་སྤྱི་མོས་ཐོག་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་གཞག་གནང་བ་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཚོགས་ནི་ཕྱི་ལོ་ ༡༩༩༨ ལོར་བཙུགས་ཤིང་། ལྷན་ཚོགས་དེས་འཛམ་གླིང་ནང་ཆོས་དད་རང་དབང་གི་གནས་བབ་ལ་རྟོག་ཞིབ་གནང་སྟེ་སྙན་ཐོ་ཨ་རིའི་གཞུང་དང་གྲོས་ཚོགས་སུ་འབུལ་བཞིན་ཡོད།

འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རང་ཉིད་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་བར་དགའ་ཚོར་དང་བཅས་གསུང་དོན། རང་ཉིད་ཚོགས་གཙོར་སྤྱི་མོས་ཐོག་འདེམས་ཐོན་བྱུང་བ་ནི་ཆེ་བསྟོད་དང་བསྐལ་བ་བཟང་པོ་ཞིག་རེད་སྙམ། ང་དང་ངའི་ལས་རོགས་རྣམ་པས་མཉམ་རུབ་ཀྱིས་ཆོས་དད་རང་དབང་གོང་མཐོར་ཆེད་ལས་དོན་སྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས།

Share with your friends










Submit