ཟླ་བ་ ༦ ཚེས ༡༢ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༢ རེས་གཟའ་མིག་དམར།


༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༡ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་བཅས་ཁེ་ན་ཌ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་མཉམ་ཞུགས་སླད་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊ་ཝར་ Ottawa ཕེབས་འབྱོར་སྐབས་བོད་རིགས་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

དེ་ཡང་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Canada Tibet Committee དང་། ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་བཅས་ཀྱི་གོ་སྒྲིག་དང་ཨོན་ཊེ་རིའོ་ས་གནས་བོད་རིགས་མཐུན་ཚོགས་དང་ཨོ་ཊ་ཝ་བོད་རིགས་སྤྱི་མཐུན་ཚོགས་པས་མཐུན་འགྱུར་འོག་ཕྱི་ཚེས་ ༡༢ ཉིན་ Parliament Hill ཞེས་པའི་ཚོགས་ཁང་ནང་ཁེ་ན་ཌ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་འཚོགས་རྒྱུ་ཡིན་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནི་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས། སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་ཚེ་དབང་རིག་འཛིན་ལགས། སྤྱི་འཐུས་པདྨ་ཕྱག་མཛོད་ཚང་ལགས་བཅས་ཡིན།

ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ Tibet Lobby day ཞེས་བོད་དོན་ཞུ་གཏུག་གི་ཉིན་མོ་གོ་སྒྲིག་ཞུས་པའི་ཆ་ཤས་སུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་དང་། ཁེ་ན་ཌའི་གྲོས་ཚོགས་གོང་མའི་ཚོགས་མི་ཟུར་པ་དང་ཡུན་རིང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌི་ནི་ནོ་ DiNino ལགས་རྣམ་གཉིས་ཀྱིས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀོ་ལིན་ཁེར་རི་ Colin Carrie མཆོག་དང་མཇལ་འཕྲད་ཀྱིས་རྒྱ་ནག་གཞུང་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་གྲོས་མོལ་སླར་གསོ་ཡོང་ཐབས་སྐོར་རེ་སྐུལ་ཞུས་གནང་ཡོད་པ་བཅས།།

Share with your friends










Submit