ཟླ་བ་ ༦ ཚེས ༡ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༦ ཚེས་ ༡ རེས་གཟའ་པ་སངས།

༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་ ༢༠༡༨ ཟླ་ ༥ ཚེས་ ༣༡ ཉིན་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣༠ དགོང་དྲོ་ཆུ་ཚོད་ ༧།༣༠ ནས་ཐེ་ཝན་ཐེ་པེའི་གྲོང་ཁྱེར་གསར་པའི་ནང་ཆགས་པའི་ “འོད་སྣང་དུས་རབས་དཔེ་དེབ་ཀློག་ཁང་” ཞེས་པའི་འཛིན་ཁང་ནང་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ “ནང་ཆོས་ནི་བོད་མིའི་རྒྱུན་ལྡན་འཚོ་བའི་ཁྲོད་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན།” ཞེས་པའི་བརྗོད་གཞིའི་ཐོག་ནས་ངོ་སྤྲོད་ཀྱི་སློབ་ཁྲིད་ཆུ་ཚོད་གཉིས་ཙམ་གནང་ཡོད།
དེ་ཡང་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བརྙན་པར་ནང་རྒྱུན་གཏན་བོད་མིའི་འཚོ་བའི་ཁྲོད་ཁྱིམ་ཚང་དང་དགོན་པའི་ཕྱི་ནང་། གནས་རི་ཁག་ཏུ་བོད་མི་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སྟངས་དང་། བོད་མིའི་བསམ་བློའི་འཁྱེར་སོ།  རབ་བྱུང་དང་ཁྱིམ་པ་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སྟངས།  ལྷག་པར་དུ་ད་ལྟའི་གནས་སྐབས་སུ་གཞིས་བཞུགས་བོད་མིའི་འཚོ་བ་དངོས་ནང་རྒྱ་ནག་གཞུང་གི་སྲིད་བྱུས་འདྲ་མིན་ལ་བརྙས་ནས་གནོན་ཤུགས་ཇི་འདྲ་སྤྲོད་བཞིན་པ་དཔེ་མཚོན་དང་སྦྲགས་ངོ་སྤྲོད་གནང་ཡོད།

ཚོགས་ཞུགས་གནང་མཁན་ཁོངས་ནས་ཁག་གཅིག་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་སྐོར་དང་། ནང་ཆོས་སློབ་གཉེར་གནང་སྟངས་སོགས་ཀྱི་སྐོར་ལ་དྲི་བ་གནང་བར་ལན་འདེབས་གསལ་བཤད་གནང་།
“འོད་སྣང་དུས་རབས་དཔེ་དེབ་ཀློག་ཁང་” ཞེས་པའི་འཛིན་ཁང་ནི་ཆེད་དུ་ཐེ་ཝན་ནང་ལྷོ་ཤར་ཨེ་ཤི་ཡའི་མི་རིགས་ཀྱི་རིག་གཞུང་སྤེལ་རེས་བྱ་སའི་འཛིན་ཁང་ཞིག་ཡིན་པ་དང་། ཐེངས་འདིར་བོད་དོན་ངོ་སྤྲོད་སློབ་ཁྲིད་ནི་ “བོད་ཀྱི་འཛིན་གྲྭ” ཞེས་པའི་སློབ་མ་རྣམས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ལྷན་ཚོགས་སྐབས་མི་གྲངས་སུམ་ཅུ་ཙམ་མཉམ་ཞུགས་གནང་ཡོད་ཅིང་། འཛིན་ཁང་གཡར་གླས་མཚོན་འགྲོ་སོང་ཡོངས་རྫོགས་ཚོགས་བཅར་བ་རྣམས་ནས་རྒྱགས་རང་ཁུར་གནང་ཡོད་པ་བཅས།

Share with your friends










Submit