ཟླ་བ་ ༣ ཚེས ༢༡ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༣ ཚེས་ ༢༡ རེས་གཟའ་ལྷག་པ།

༄༅། །སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བདུན་པའི་སྔ་དྲོའི་ཚོགས་མཐུན་སྐབས་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༡༨།༢༠༡༩ ལོའི་སྔོན་རྩིས་ཐོག་བགྲོ་གླེང་གཏེན་འབེབས་གནང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་གཙོའི་བཀའ་འཁྲོལ་དང་འབྲེལ་བཀའ་བློན་འོས་མིག་ངོ་སྤྲོད་གནང་བསྟུན་ངོ་ཡོད་སྤྱི་འཐུས་གྲངས་ ༤༤ ནས་གསང་བའི་འོས་བསྡུ་གནང་སྟེ།  འབུམ་རམས་པ་པདྨ་དབྱངས་ཅན་མཆོག་ལ་རྒྱབ་སྐྱོར་གནང་མཁན་འོས་གྲངས་ ༢༦ དང་། དགག་བྱ་གནང་མཁན་འོས་གྲངས་ ༡༥  བར་བཞུགས་ ༣ བྱུང་སྟེ་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་སྐབས་ ༡༥ པའི་བཀའ་ཤག་གི་བཀའ་བློན་དུ་བདམས་ཐོན་བྱུང་ཡོད།

དེ་ཡང་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་ནི་ཕ་ཡུལ་དབུས་གཙང་ཡིན་ཞིང་། འབྲུག་གི་རྒྱལ་ས་ཐིམ་པུར་འཁྲུངས། སྔོན་འགྲོ་ནས་འཛིན་རིམ་ལྔ་པའི་བར་འབྲུག་ཡུལ་ནང་གཞི་རིམ་སློབ་གྲྭ་འགྲིམས། ཕྱི་ལོ་ ༡༩༨༣ ནས་ ༡༩༨༩ བར་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གཞི་རིམ་བར་མ་དང་། ཕྱི་ལོ་ ༡༩༩༠ ནས་ ༡༩༩༣ བར་རྒྱ་གར་རྒྱལ་ས་ལྡི་ལི་མཐོ་སློབ་ནས་ཨིན་ཡིག་རྩོམ་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན།  ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་ལྷོ་ཕྱོགས་ཊ་མིལ་ན་དུའི་ནང་མ་དི་ར་སི་མཐོ་སློབ་ནས་དགེ་རྒན་འོས་སྦྱོང་ B.Ed. སློབ་མཐར་ཕྱིན།

ཕྱི་ལོ་ ༡༩༩༣  ནས་ ༢༠༠༡   བར་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཨིན་ཡིག་སློབ་དགེ་གནང་། ཕྱི་ལོ་ ༢༠༠༡ ཟླ་ ༨ ནས་ ༢༠༠༣ ཟླ་ ༥ བར་ལོ་གཉིས་རིང་ཨ་རིར་མཐོ་སློབ་ University of Northern Iowa ཏུ་བསྐྱོད་ནས་ཨིན་ཡིག་སློབ་ཁྲིད་སྐོར་སློབ་སྦྱོང་བྱས་ཏེ་གཙུག་ལག་རམ་འབྱམས་པའི་ MA TESOL ཕྱག་འཁྱེར་ཐོབ།

ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་འབུམ་རམས་པའི་ཆེད་ལས་སློབ་ཐོན་གནང་། ཕྱི་ལོ་ ༢༠༠༧ ནས་ ༢༠༠༨ བར་ཕྱིར་རྒྱ་གར་དུ་ཕེབས་ནས་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ལོ་གཅིག་ཉམས་ཞིབ་གནང་། ཕྱི་ལོ་ ༢༠༠༨ ལོར་སླར་ཡང་ཨ་རིར་ཕེབས་ནས་ཉམས་ཞིབ་ཀྱི་མཐའ་མའི་ལས་གཞི་མཇུག་ཡོངས་སུ་བསྒྲིལ།

ཕྱི་ལོ་ ༢༠༠༩ ལོར་བྱང་ཨ་རིའི་མཐོ་སློབ་ University of Northern Iowa ནས་ཤེས་ཡོན་དང་འབྲེལ་བའི་བསླབ་གཞི་དང་སློབ་ཁྲིད་ཅེས་པའི་བརྗོད་གཞིའི་ཐོག་འབུམ་རམས་པའི་ཕྱག་འཁྱེར་ཐོབ།

ཕྱི་ལོ་ ༢༠༠༩ ནས་ ༢༠༡༦ བར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་སློབ་ཏུ་ཨིན་ཡིག་སློབ་དགེ་དང་། སྡེ་ཚན་འགན་འཛིན། སློབ་སྤྱི་གཞོན་པའི་ལས་འཁུར་ཞུས།

ཕྱི་ལོ་ ༢༠༠༨ ནས་ ༢༠༡༦ བར་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཉམས་ཞིབ་ཀྱི་ངོ་སྤྲོད་ཅེས་པ་པའི་ཟབ་སྦྱོང་སྔ་ཕྱི་ཁག་གསུམ་དང་། སཱ་ར་མཐོ་སློབ་ཏུ་ཨིན་ཡིག་སློབ་ཁྲིད་ཀྱི་ཟབ་སྦྱོང་བཅས་གནང་།  ཏཱ་ལའི་བླ་མ་མཐོ་སློབ་དང་། སུ་ཇཱ་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ། ལ་དྭགས་བོད་ཁྱིམ་བཅས་སུ་ཆེད་ལས་གོང་འཕེལ་གྱི་ཟབ་སྦྱོང་རིམ་བཞིན་ཐེངས་མང་སྤྲད།

ཕྱི་ལོ་ ༢༠༡༡ ལོར་བཙན་བྱོལ་སློབ་གྲྭའི་དགེ་རྒན་སློབ་གསོ་གོང་འཕེལ། ཞེས་པའི་ཐོག་ཉམས་ཞིབ་བྱས་པའི་དཔྱད་རྩོམ་ལ་སློབ་སྟོན་པས་རྩེ་ཕུད་དུ་འདེམས་རྗེས། བྱ་དགའ་བཀོད་སྒྲིག་ཚོགས་ཆུང་ནས་ཀྱང་གཟེངས་སུ་ཐོན་པའི་ཆེད་རྩོམ་དུ་ངོས་འཛིན་ཐོབ་ནས་ Outstanding Doctoral Dissertation Award ཞེས་པའི་གཟེངས་རྟགས་ཐོབ་ཡོད། ད་ལྟ་ཁེ་ན་ཌ་གྲོང་འཁྱེར་ཝིག་ཊོ་རི་ཡེ་ Victoria ནང་བཟའ་ཟླ་རེབ་ཀོང་སྐལ་བཟང་རྡོ་རྗེ་ལགས་དང་ལྷན་དུ་བཞུགས་མུས་ཡིན་པ་བཅས།།

Share with your friends










Submit