ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག་བརྒྱད་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༢ ནང་ཚུད་སྃ་བྷོ་ཌ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་གཏན་འཁེལ་སྐོར་སྤྱི་དང་། ལྷག་པར་སློབ་ཁག་དེ་དག་ནང་དགེ་རྒན་ལས་བྱེད་གྲངས་ ༡༥༨ ཀྱི་ས་དམིགས་སྟོང་པ་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
དེ་ཡང་གོང་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དང་སྃ་བྷོ་ཌ་བོད་སློབ་ཚོགས་པའི་འགན་འཛིན་རྣམ་རྒྱལ་ཡར་འཔེལ་ལགས། ཕྱི་ནང་གི་གསར་འགོད་རྣམ་པ་བཅས་ལྷན་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དབུས་བོད་སློབ་འཛིན་ཚོགས་ནས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡༢ ནང་སྔོན་འགྲོའི་སློབ་གྲྭ་ཁག་ ༣༣ དང་གཞི་རིམ་འོག་མའི་སློབ་གྲྭ་ཁག་ ༤ རྩིས་སྤྲོད་གནང་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༧ ནང་གཞི་རིམ་འོག་མའི་སློབ་གྲྭ་ཁག་ ༥ དང་གཞི་རིམ་བར་མའི་སློབ་གྲྭ་ཁག་ ༥ རྩིས་སྤྲོད་གནང་ཟིན་པ་རེད། ད་རེས་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་ཁག་རྩིས་སྤྲོད་རྩིས་ལེན་ཐེངས་གསུམ་པ་ཆགས་ཀྱི་ཡོད།
སྤྱིར་ད་བར་རྒྱ་གར་གཞུང་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད། ད་བར་གང་ཅིའི་ཐད་མཐུན་འགྱུར་གནང་ཡོད། རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་སྃ་བྷོ་ཌ་བོད་སློབ་ཚོགས་པར་རྩིས་སྤྲོད་ཡོང་སྐོར་བཀའ་ཤག་རིམ་པ་ནས་ཕལ་ཆེར་ལོ་སུམ་ཅུ་ལྷག་ཙམ་གོང་ནས་འབད་བརྩོན་གནང་བ་ཞིག་ཆགས་ཀྱི་ཡོད། དེ་སྔ་ནས་འབད་བརྩོན་གང་ཐུབ་ཅི་ཐུབ་གནང་ཡོད། འོན་ཀྱང་ཕྱི་ལོ་ ༢༠༡༣ ལོར་རྒྱ་གར་གཞུང་ནས་རྩིས་སྤྲོད་གནང་རྒྱུ་ཐུགས་ཐག་བཅད་པ་རེད། རྩ་བའི་ལོ་གསུམ་ནང་ཁུལ་ཞེས་འཁོད་ཡོད་ཀྱང་འབྲེལ་ཡོད་བློན་ཆེན་དང་དྲུང་ཆེ། རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་འགན་འཛིན་བཅས་བརྗེ་པོ་བརྒྱབ་པ་ཡོད། རྒྱ་གར་དབུས་གཞུང་ཤེས་རིག་ལས་ཁུངས་ཁོངས་སུ་བོད་སློབ་འཛིན་སྐྱོང་ཚོགས་པ་དང་མཉམ་དུ་ kendriya Vidyalaya དང Navodaya Viidyalaya བཅས་ཟུང་དྲུང་གཅིག་གིས་འགན་འཁུར་སྟངས་འཛིན་གནང་གི་ཡོད། kendriya Vidyalaya དང Navodaya Viidyalaya ལྟ་བུ་ཆ་བཞག་པ་ཡིན་ན། སློབ་ཕྲུག་ས་ཡ་མང་པོ་དང་དགེ་རྒན་ལས་བྱེད་འབུམ་གཉིས་གསུམ་ཙམ་ཡོད་པའི་འཛིན་སྐྱོང་ཧ་ཅང་ཆེན་པོ་ཡིན་སྟབས། བོད་སློབ་འཛིན་སྐྱོང་ཚོགས་པ་ནི་ཆུང་ངུ་ཡིན་ནའང་གནས་འགག་ཆེན་པོ་ཆགས་ཡོད། ད་རེས་སློབ་ཁག་བརྒྱད་རྩིས་སྤྲོད་གནང་རྒྱུ་དེ་གལ་ཆེན་པོ་བརྩིས་དགོས་དོན་ནི། གཞིས་ཆགས་སྲ་བརྟན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སློབ་གྲྭ་རྩིས་སྤྲོད་གནང་རྒྱུར་ཕྲན་བུ་འགོར་བཞིན་འདུག གཞིས་ཆགས་ཁག་ནང་ཡོད་པའི་སློབ་གྲྭ་ཁག་དེ་དག་སྔོན་ལ་རྩིས་སྤྲོད་གནང་དགོས་རྒྱུ་ཧ་ཅང་ཆེན་པོ་འདུག་ཅེས་རྒྱ་གར་གཞུང་ལ་ཞུས་པ་བཞིན་ད་རེས་སློབ་གྲྭ་ཁག་བརྒྱད་དེ་དག་གཞིས་ཆགས་ཁག་གི་ནང་ཡོད། སློབ་གྲྭ་དེ་དག་ནི། མོན་གྷོ་གཏན་སློབ་དང་། སྦེལ་ཀོབ་དབུས་སློབ། ཌོ་ལན་ཇི་བོན་གཞིས་ཉིན་སློབ། སྦེལ་ཀོབ་བདེ་སླར་གཞིས་སློབ། ཀོ་ལེ་གྷལ་དབུས་སློབ། ཧོན་སུར་དབུས་སློབ། ཨོ་རི་ས་དབུས་སློབ། སོ་ན་མདའ་དབུས་སློབ་བཅས་ཡིན། སློབ་ཁག་དེ་དག་རྩིས་སྤྲོད་རྩིས་ལེན་བྱུང་མཚམས་གཞིས་ཆགས་ཁག་གི་ནང་ཡོད་པའི་སློབ་གྲྭ་ཁག་དེ་དག་ཆུར་རྩིས་སྤྲོད་གནང་ཟིན་གྱི་ཡོད། ལྷག་མ་སློབ་ཁག་དྲུག་སྟེ་མ་སུ་རི་དང་། སིམ་ལ། ཌལ་ཧོར། རྡོར་གླིང་། ཀ་སྦུག ཧ་སྤུར་བཅས་རེད།
གཞིས་ཆགས་ཁག་གི་ནང་ཡོད་པའི་སློབ་གྲྭ་དེ་དག་ཚུར་རྩིས་གནང་བ་དེ་དག་གནད་འགག་ཆེན་པོ་ཡིན་དགོས་དོན་ནི། འཛིན་གྲྭ་བཅུ་པ་དང་བཅུ་གཉིས་བར་ཡོད་པའི་སློབ་གྲྭ་ཁག་དེ་དག་རྩེས་ལེན་པ་དང་པོ་ཆགས་ཀྱི་ཡོད། དེའི་ནང་དགེ་རྒན་དང་ལས་བྱེད་སོགས་ཀྱི་ས་དམིགས་གྲངས་ ༡༥༨ ཡོད། དེར་བརྟེན་རང་རེའི་སྤྱི་ཚོགས་ནང་དགེ་རྒན་གནང་མྱོང་བའི་ཉམས་མྱོང་དང་དེ་བཞིན་ལག་འཁྱེར་ཡོད་མཁན་རྣམས་ནས་ངེས་པར་དུ་སྙན་ཞུ་འབུལ་རོགས། དགེ་རྒན་དང་ལས་བྱེད་ཁོངས་འཛུལ་ཞུགས་སླད་ཆ་རྐྱེན་གང་དགོས་མིན་གསར་འགོད་གསལ་བསྒྲགས་ནང་ཧ་ཅང་གསལ་པོ་ཡོད་རེད། ཚང་མས་དེའི་ཐོག་འགན་འཁུར་ཆེ་བཞེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཞེ་ན་ད་བར་རྒྱ་གར་གཞུང་ལ་བཀའ་ཤག་རིམ་པ་ནས་གང་ཞུས་ཡོད་ཅེ་ན། ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་པས་ཐད་ཀར་སྟངས་འཛིན་གནང་བཞིན་པའི་སློབ་གྲྭ་ཁག་དང་བོད་སློབ་འཛིན་སྐྱོང་ཚོགས་པས་སྟངས་འཛིན་འོག་ཡོད་པའི་སླབ་གྲྭ་ཁག་དབར་བསྡུར་བ་ཡིན་ན། བོད་པས་ཐད་ཀར་སྟངས་འཛིན་གནང་བའི་སློབ་གྲྭ་ཁག་གིས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་གྲུབ་འབྲས་བཟང་བ་ཡོང་གི་འདུག དེར་བརྟེན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཚུར་རྩིས་གནང་བ་ཡིན་ན། སློབ་ཕྲུག་གི་ཤེས་ཡོན་སོགས་གང་ཅིའི་ཐད་ཡར་རྒྱས་འགྲོ་གི་རེད། ཅེས་རྒྱ་གར་གཞུང་ལ་ཞུས་དགོས་དོན་གཙོ་བོ་འདི་རེད།
གཞིས་ཆགས་ཁག་གི་ནང་ཡོད་པའི་སློབ་གྲྭ་ཁག་དེ་དག་ཚུར་རྩིས་ལེན་པའི་རྗེས་སུ་ང་ཚོས་ཞུས་པ་བཞིན་གྲུབ་འབྲས་མ་ཐོན་པ་ཡིན་ན། དྲི་བ་རང་བཞིན་གྱི་སླེབ་ཀྱི་རེད། མཐའ་ན་ང་ཚོས་ཞུས་པ་ལྟར་གནས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། དགེ་རྒན་དང་ལས་བྱེད་སྤུད་ཚད་ལྡན་པ་དགོས་ཀྱི་འདུག འདི་གལ་ཆེན་པོ་བརྩིས་པའི་ཐོག་ནས་ཚང་མས་སྙན་ཞུ་འབུལ་ཏེ་ཕྱག་ལས་གནང་དུ་ཕེབས་རོགས། ཞེས་རེ་འདུན་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༣ ལོ་ནས་སློབ་གྲྭ་ཁག་རྩིས་སྤྲོད་གནང་རྒྱུ་གཏན་འཁེལ་ཏེ་ང་ཚོས་འབད་བརྩོན་གནང་བཞིན་ཡོད། ད་རེས་ཐག་གཅོད་དང་འགྱུར་བ་ཆེན་པོ། རྩིས་སྤྲོད་གནང་རྒྱུ་དེ་ཡང་ཕོན་ཆེ་ཤོས་ཆགས་ཀྱི་ཡོད་སྟབས། གཙོ་བོ་རྒྱ་གར་གཞུང་དང་། རྒྱ་གར་དབུས་གཞུང་གི་མིའི་ནུས་ཤུགས་ཡར་རྒྱས་ལྷན་ཁང་ Ministry of Human Resource Development གི་བློན་ཆེན་སྐུ་ཞབས་པྲ་ཀཤ་ཛ་ཝེཏ་ཀར་ Prakash Javadekar མཆོག་དང་། རྒྱ་གར་དབུས་གཞུང་གི་མིའི་ནུས་ཤུགས་ཡར་རྒྱས་ལྷན་ཁང་གི་སློབ་གྲྭའི་ཤེས་ཡོན་ཚན་པའི་དྲུང་ཆེ་སྐུ་ཞབས་ཨ་ནིལ་སྭ་རུབ་ Shri. Anil Swarup མཆོག བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་སན་ཇེ་ཀུ་མཱར་ Sanjay Kumar ལགས་སོགས་འབྲེལ་ཡོད་ལས་བྱེད་ཡོངས་དང་། ལྷག་པར་བོད་སློབ་འཛིན་ཚོགས་ཀྱི་དགེ་རྒན་དང་ལྡི་ལིར་ཡོད་པའི་ལས་བྱེད་བཅས་ནས་ད་བར་མཐུན་འགྱུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ཞེས་ཞུ་རྒྱུ་ཡིན།
བཀའ་ཤག་སྐབས་ ༡༤།༡༥ ནས་ལས་དོན་ཚང་མའི་ནང་ནས་ཤེས་ཡོན་གལ་ཆེ་ཤོས་ཡིན་ཞེས་པ་ལྟར་གྲུབ་འབྲས་སྨིན་རྒྱུའི་རེ་བ་ཆེ་རུ་འགྲོ་གི་འདུག དེར་བརྟེན་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་རོགས། ཞེས་ཞུ་རྒྱུ་ཡིན། ཞེས་གསུང་རྗེས་གསར་འགོད་པས་དྲི་བར་ལན་འདེབས་
དེ་ནས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་དགེ་ལས་གྲངས་ ༡༥༨ ཀྱི་ས་མིག་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན། རྒྱ་གར་དབུས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༨ འཁོད་གནས་ནང་གསལ། སློབ་ཁག་རྩིས་སྤྲོད་རྩིས་ལེན་གྱི་རིམ་པ་གསུམ་པའི་ཁོངས་སུ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་ཁག་བརྒྱད་དེ། མོན་གྷོ་གཏན་སློབ་དང་། སྦེལ་ཀོབ་དབུས་སློབ། ཌོ་ལན་ཇི་བོན་གཞིས་ཉིན་སློབ། སྦེལ་ཀོབ་བདེ་སླར་གཞིས་སློབ། ཀོ་ལེ་གྷལ་དབུས་སློབ། ཧུན་སུར་དབུས་སློབ། ཨོ་རི་ས་དབུས་སློབ། སོ་ན་མདའ་དབུས་སློབ་བཅས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ནང་ཚུད་སམ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་རྒྱུ་གནང་གཏན་འཁེལ་ཞིང་། སློབ་ཁག་དེ་དག་ནང་གཞི་རིམ་གོང་མའི་དགེ་རྒན་ ༡༩། གཞི་རིམ་བར་མའི་དགེ་རྒན་ ༥༥། གཞི་རིམ་འོག་མའི་དགེ་རྒན་ ༣༣། ལུས་རྩལ་དགེ་རྒན་ ༩། ཟློས་གར་དགེ་རྒན་ ༣། དཔེ་མཛོད་དོ་དམ་པ་ ༨། ཀམ་པུ་ཊར་དགེ་རྒན་ ༨ ། ལྟ་གྲུབ་དགེ་རྒན་ ༧ ། རྩིས་པ་ ༨ ། ལས་དྲུང་ ༨ བཅས་ཁྱོན་བསྡོམས་དགེ་ལས་གྲངས་ ༡༥༨ ཀྱི་ས་མིག་གསལ་བསྒྲགས་ཞུ་རྒྱུ་ཡིན།
གོང་འཁོད་སློབ་ཁག་བརྒྱད་ནང་དགེ་ལས་ཀྱི་ས་མིག་ཐོག་ཞུགས་བློ་ཡོད་རིགས་རྣམས་ནས་འཚང་སྙན་འགེངས་ཤོག་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲྭ་ཚིགས་ནས་ཕབ་ལེན་ཞུས་ཏེ་ཞིབ་བསྐངས་ཀྱིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁ་བྱང་ Department of Education,Central Tibetan Administration,Dharamshala – 176215H.P., India,Tel: +91-1892-222572, 222721,Fax: +91-1892-223481,Email: [email protected]
Website: www.sherig.org ཐོག་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་༢ ནང་ཚུད་འབུལ་དགོས་པས། དུས་བཀག་ནང་ཚུད་འཚང་སྙན་ཕུལ་འབྱོར་མ་བྱུང་བ་རྣམས་ངོས་ལེན་ཞུ་རྒྱུ་མིན། ཤེས་རིག་ལས་ཁུངས་ནས་འདེམས་སྒྲུག་ཚོགས་ཆུང་ཆེད་འཛུགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས ༢༦ ནས་ ༢༨ བར་ཉིན་གསུམ་རིང་ས་གནས་ཁག་གཉིས་ཏེ། རྡ་རམ་ས་ལ་དང་སྦེལ་ཀོབ་གཉིས་ནང་ངག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་གནང་རྒྱུ་ཡིན། ད་བར་དབུས་བོད་སློོབ་འཛིན་ཚོགས་ནས་སློབ་ཁག་རྩིས་སྤྲོད་རྩིས་ལེན་གྱི་རིམ་པ་དང་གཉིས་ཁོངས་སུ། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ནང་སྔོན་འགྲོའི་སློབ་གྲྭ་༣༣ དང་གཞི་རིམ་འོག་མའི་སློབ་གྲྭ་༤ དང་། ཕྱི་ལོ་ ༢༠༡༦ ཟླ་ ༧ ནང་གཞི་རིམ་བར་མའི་སློབ་གྲྭ་ ༥ བཅས་སམ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་ཟིན་ཡོད་པ་བཅས་སྒྲོགས་སྦྱང་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།།