ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་རྡ་སའི་ཉེ་འདབས་སུ་ཡོད་པའི་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ཐོག་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། དྲུང་འཕར་ཡེ་ཤེས་དབང་མོ་ལགས། ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས། སྨན་བཅོས་བལྟ་སྐྱོང་ལས་གཞི་ཚན་པའི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་ཁག་གཅིག དེ་བཞིན་ཚོགས་བཅར་བ་བཅས་ཚང་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་བསྟུན་འཕྲོད་བསྟེན་བཀའ་བློན་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་དོན། དེ་རིང་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ཐོག་ལ་ནང་ཞིབ་གནང་རྒྱུ་དང་། ས་གནས་ས་ཐོག་ཏུ་ཕྱག་ལས་གནང་མཁན་རྣམས་ནས་འགན་བཞེས་པའི་ཐོག་ཕན་ཚུན་དགོངས་ཚུལ་དང་བསམ་ཚུལ་བརྗེ་ལེན་གནང་རྒྱུ་མ་ཟད། འཕྲོད་བསྟེན་ལས་ཁུངས་ནས་འབྲེལ་བ་ཞུས་པའི་ཁྱད་ལས་པ་རྣམ་པ་གཉིས་ནས་བསམ་ཚུལ་སྤུང་རྒྱུ་སོགས་ལོ་ལྟར་སྨན་བཅོས་བལྟ་སྐྱོང་ཐོག་ལས་རིམ་ཁག་གཉིས་བསྐྱར་ཞིབ་ཐོག་འགྲོ་བཞིན་ཡོད། དེ་རིང་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་ཕེབས་ཡོད་པ་མ་ཟད་གསུང་བཤད་ཀྱང་གནང་གི་རེད། སྤྱིར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་མཛད་རིམ་མང་དག་ཞིག་ཡོད་ནའང་། སྨན་བཅོས་བལྟ་སྐྱོང་གི་ལས་གཞི་དེ་ཉིད་གལ་ཆེ་དོན་ཆེར་བརྩིས་ནས་ཟུར་དུ་དུས་ཚོད་བཏོན་ཏེ་ཆེད་ཕེབས་གནང་ཡོད། དེར་བརྟེན་དུས་ཚོད་དེ་འཕྲོ་བརླག་མ་བཏང་བར་དོ་སྣང་གནང་དགོས།
སྨན་བཅོས་བལྟ་སྐྱོང་ལས་གཞི་འདི་ཉིད་འགོ་བཙུགས་ནས་ལོ་ངོ་དྲུག་ཙམ་འགྲོ་བཞིན་འདུག ལྷག་པར་ཕྱི་ལོ་ ༢༠༡༢ ལོར་འགོ་བཙུགས་གནང་ཡོད། ལོ་དང་པོ་དང་གཉིས་པ་གསུམ་པ་བཅས་སུ་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་འགྲོ་སོང་ཡོང་བ་ལས་ཕྱིན་པ་མང་བ་ཡོད་པའི་གནས་སྟངས་ཆགས་ཡོད། སོང་དང་བྱུང་གཉིས་ཀྱི་དངུལ་འབོར་བསྡུར་དུས་ཧ་ཅང་གིས་ཁྱད་པར་ཆེན་པོ་ཕྱིན་ཡོད། དེ་ནས་རིམ་བཞིན་ཨ་རིའི་རོགས་ཚོགས་བརྒྱུད་འབྲེལ་བ་བྱས་པའི་ཐོག་སྐུ་ཞབས་ལྦི་ཀ་སི་ Vikas ལགས་དང་སྐུ་ཞབས་ཨ་ལོག་ Alok ལགས་སོགས་ཁོང་རྣམ་པས་དཔྱད་ཞིབ་གནང་སྟེ་ཕྱོགས་གཉིས་ཀར་གང་འདྲ་བྱས་ནས་རན་པ་བྱེད་དགོས་ཀྱི་འདུག་སོགས་བསམ་བློ་མང་པོ་བཏང་བའི་དོན་སྙིང་དེ་ Cabin System ཐོག་ཤར་བསྐྱོད་བྱས་པ་ཡིན་ན། ནད་འདྲ་མིན་ཐོག་ཚད་གཞི་འདྲ་མིན་བཟོས་པའི་རྐྱེན་གྱིས་གང་ཙམ་ཞིག་སྙོབ་ཐུབ་རྒྱུའི་གོམ་པ་སྤོས་པའི་ཐོག་ནས་འགྲོ་བཞིན་ཡོད།
དེའི་ནང་ནས་ས་གནས་ས་ཐོག་ཏུ་རྣམ་པ་ཚོས་སྐུ་ལས་བསྐྱོན་པ་བརྒྱུད་མི་མང་ཚོགས་ཞུགས་གནང་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། རང་བཞིན་གྱིས་བྱུང་དང་སོང་གཉིས་ཕན་ཚུན་ཁྱད་པར་མ་ཤོར་བའི་གནས་སྟངས་ཆགས་པའི་རེ་བ་རྒྱག་བཞིན་ཡོད་པ་མ་ཟད། ཡོང་བཞིན་འདུག དེར་བརྟེན་ད་ལྟའི་ཆར་ཨ་རིའི་རོགས་ཚོགས་བརྒྱུད་འདས་པའི་རྩིས་ལོ་ ༢༠༡༦་་་༢༠༡༧ ནང་སྡེ་ཚན་ཁག་བཅུ་གཉིས་ཙམ་ལ་ཆག་ཡང་བརྒྱ་ཆ་ ༧༠ གནང་ཡོད། ད་ལོ་རྩིས་ལོ་ ༢༠༡༧་་་༢༠༡༨ ནང་སྡེ་ཚན་བཅུ་གཅིག་ལ་མར་བབས་ཡོད། སྡེ་ཚན་བཅུ་གཉིས་མར་བབས་པ་དེ་དག་གཞུང་ཞབས་པ་དང་བོད་མིའི་སྤྱི་ཚོགས་ནང་ཕྱག་ལས་གནང་མཁན་གྱི་ནང་མི་འབྲེལ་བ་ཡོད་པ་དེ་སྔ་ང་ཚོས་ཆག་ཡང་ནང་བཞག་པ་དེ་མར་བཅག་ཡོང་དུས་ད་ལོའི་གྲངས་འབོར་དེའི་ནང་གང་ཙམ་ཡོད་པ་དེ་དག་དེ་སྔའི་གྲངས་འབོར་ལ་སྙོབ་མི་ཡོང་བསམ་པ་འཕྲོད་བསྟེན་ལས་ཁུངས་ལ་བློ་ཚབ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་ཚོགས་ཞུགས་མང་ཤོས་བྱུང་མཁན་གྱི་གཞིས་ཆགས་ཨང་དང་པོ་ལ་དྭགས་དང་། གཉིས་པ་མེའོ་ཆོས་འཕེལ་གླིང་། གསུམ་པ་ཌལ་ཧོར་གཞིས་ཆགས་བཅས་ལ་གཟེངས་བསྟོད་ཕྱག་འཁྱེར་གནང་རྗེས་གསུང་བཤད་གནང་དོན། ད་ལྟ་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་འགན་འཁུར་བླངས་ནས་གྲུབ་འབྲས་ལེགས་པོ་བྱུང་བ་རྣམས་ལ་གཟེངས་རྟགས་གནང་སོང་། ཧ་ཅང་དགའ་པོ་བྱུང་། གཞི་རྩའི་འཕྲོད་བསྟེན་ལས་ཁུངས་ནས་སྤྱི་ཡོངས་ཐོག་ཕྱག་ལས་གང་འདྲ་གནང་གི་ཡོད་མེད་བསྡོམས་བརྒྱབ་ནས་ཞུས་ན། ཨ་རིའི་རོགས་ཚོགས་ USAID ནས་འཕྲོད་བསྟེན་ལས་ཁུངས་དང་ཕྱག་ལས་གནང་སྟེ་རྗེས་ལ་གཟེངས་བསྟོད་བྱ་དགའ་གནང་བ་རེད། USAID ནི་ཨ་རི་གཞུང་གི་རོགས་དངུལ་གནང་མཁན་གལ་ཆེ་ཤོས་ཆགས་ཀྱི་ཡོད། ཨ་རིའི་རོགས་ཚོགས་ནས་འཕྲོད་བསྟེན་ལས་ཁུངས་ཕྱག་ལས་ཡག་པོ་གནང་གི་འདུག་ཅེས་གཟེངས་བསྟོད་བྱ་དགའ་གནང་ཡོད།
གཞི་རྩའི་བོད་མིའི་སྒྲིག་འཛུགས་ལ་ལྷན་ཁང་མང་པོ་ཡོད་ནའང་ཕྱིའི་རྒྱལ་ཁབ་ནས་གཟེངས་བསྟོད་བྱ་དགའ་ཐོབ་མཁན་ཕལ་ཆེར་བཀའ་ཤག་སྐབས་ ༡༤ དང་ ༡༥ སྐབས་ལ་འཕྲོད་བསྟེན་ལས་ཁུངས་ཡིན་སྙམ་བྱུང་། རྩ་བའི་རོགས་དངུལ་ཐོབ་མཁན་ལྷན་ཁང་མང་པོ་ཡོད། འོན་ཀྱང་འཕྲོད་བསྟེན་ལས་ཁུངས་ལ་གཟེངས་བསྟོད་བྱ་དགའ་གནང་བའི་སྐབས་ཨ་རི་གཞུང་གི་རོགས་དངུལ་གནང་ཡུལ་གལ་ཆེ་ཤོས་འཕྲོད་བསྟེན་ལས་ཁུངས་ནས་སྤྱི་ཡོངས་ཐོག་ཕྱག་ལས་ཧ་ཅང་ཡག་པོ་གནང་གི་འདུག རོགས་དངུལ་གནང་བ་དེ་ལག་བསྟར་བྱས་ནས་ཕྱི་གསལ་ནང་གསལ་ཡོད་པ་དང་། མི་མང་ལ་ཕན་ཐོགས་བྱུང་བ་ལྟར་ཕྱག་ལས་གནང་གི་འདུག་ཅེས་ཆེ་བསྟོད་ཀྱི་གཟེངས་རྟགས་གནང་བའི་སྐབས་ཚང་མས་ཕྱག་ལས་ཡག་པོ་གནང་གི་ཡོད་པ་བརྗོད་མི་དགོས་པ་ཞིག་ཆགས་ཡོད། ཚང་མས་སྐུ་ལས་བསྐྱོན་ནས་གྲུབ་འབྲས་སྨིན་པར་བརྟེན་འཕྲོད་བསྟེན་ལས་ཁུངས་ཚགས་ཚུད་པོ་ཡོང་གི་ཡོད་པ་དེ་དངོས་གནས་ཆགས་ཡོད།
བོད་མིའི་སྒྲིག་འཛུགས་ངོས་ནས་མཐུན་རྐྱེན་སྦྱར་རྒྱུའི་འགན་ཡོད་པར་བརྟེན། དེ་སྔ་ལས་བྱེད་རྒན་པ་ཚོས་ས་གནས་ཀྱི་གནས་སྟངས་དང་མཐུན་རྐྱེན་སོགས་གང་སྤྱིའི་ཐད་ནས་དཀའ་ངལ་ཡོད་པ་གསུངས་དུས་མཐུན་རྐྱེན་ཏོག་ཙམ་སྦྱར་རྒྱུའི་གོ་སྐབས་བྱུང་བར་སྐལ་པ་བཟང་པོ་ཡིན་བསམ་བཞིན་འདུག གང་ལ་ཞེ་ན། རྣམ་པ་ཚོས་སྐུ་ལས་བསྐྱོན་པ་གཞིར་བཟུང་མཐུན་རྐྱེན་སྦྱར་རྒྱུ་ང་ཚོའི་འགན་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡིན་པའི་ཆ་ནས་མཐུན་རྐྱེན་དེ་སྤྱི་ཡོངས་ནས་སྐྱོ་པོ་རེད། ངས་དུས་རྟག་ཏུ་ཞུས་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ཕོགས་དང་གོ་གནས་ཆེད་དུ་ཕྱག་ལས་གནང་མཁན་ཡིན་ན། བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་ཆེད་མ་ཡོང་རོགས་ཞེས་ཞུ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ལ་སྤྱི་སེམས་དང་ལྷག་བསམ། གཙོ་ཆེ་ཤོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་མི་མང་ལ་ཞབས་ཕྱི་ཞུ་རྒྱུ་གཙོ་བོ་བརྩིས་བའི་ཐོག་ནས་ཞབས་ཕྱི་ཞུ་མཁན་ཤ་སྟག་རེད། གཞི་རྩའི་སྲི་ཞུ་བ་ཚོར་མཐུན་རྐྱེན་ཐོག་གང་སྤྱིའི་ཐད་ནས་སྐྱོ་པོ་ཡིན་ནའང་ཞབས་ཕྱི་ཞུ་བ་དེ་ཧ་ཅང་གིས་རྩ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། འཕྲོད་བསྟེན་ལས་ཁུངས་ཀྱི་སྲི་ཞུ་བ་རྒན་པ་ཚོས་གཙོ་བོ་འགོ་ཁྲིད་པའི་ཐོག་ནས་ཚང་མས་ཆ་ཤས་ལེན་པ་དང་། ཚང་མས་མཇུག་སྐྱོང་ནས་ཕྱག་ལས་གནང་བ་དེར་སྙིང་ཐག་པ་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། གྲུབ་འབྲས་ཀྱང་ཡག་པོ་ཆགས་འདུག ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སྨན་བཅོས་བལྟ་སྐྱོང་ལས་གཞིའི་འགན་འཛིན་སྐལ་ལྡན་ནོར་བུ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ་ཡོད།
སྤྱིར་ཉིན་གྲངས་གསུམ་གྱི་ཟབ་སྦྱོང་ནང་རྒྱ་གར་ས་གནས་ཁག་ ༣༧ ནས་སྨན་ཁང་ཁག་གི་འགན་འཛིན་དང་། སྨན་པ། དེ་བཞིན་སྨན་ཞབས་པ་བཅས་ཚོགས་བཅར་བ་གྲངས་ ༤༦ མཉམ་ཞུགས་གནང་ཡོད། ཐེངས་འདིའི་ཟབ་སྦྱོང་ལ་མཐུན་འགྱུར་རོགས་རམ་གནང་མཁན་ཨ་རིའི་རོགས་ཚོགས་ USAID ཡིན་འདུག་པ་བཅས།།