ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༦ ཉིན་ཡུ་རོབ་གྲོས་ཚོགས་དུ་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་ཏེ་འབྱུང་འགྱུར་ཟླ་ཤས་ནང་གྲོས་ཚོགས་ནང་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་གྲོས་བསྡུར་གནང་ཡོད།
དེ་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མཱན་མཆོག་དང་། སྐུ་ཞབས་ཤོ་སྒོར་མཆོག འཐུས་མིའི་སྐུ་ཚབ་རྣམ་པ། དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་བཅས་ཚོགས་བཅར་ཞུས་ཡོད།
སྐུ་ཞབས་མཱན་མཆོག་ནས་ཚོགས་འདུའི་སྔོན་གླེང་ནང་ཉེ་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་གནང་སྐབས། རྒྱ་ཆེའི་མང་ཚོགས་ནས་བརྩི་བཀུར་ཤུགས་ཆེ་གནང་ཡོད་ལ། རྒྱལ་སྤྱིའི་ནང་༧གོང་ས་མཆོག་གྱི་མཚན་སྙན་ཇེ་ཐོར་ལ་བརྟེན། ང་ཚོས་བོད་དོན་ལ་སྔར་ལྷག་འབད་བརྩོན་ཞུ་དགོས་ཞེས་གསུངས་གནང་ཡོད།
དེ་རྗེས་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་ཟླ་ཤས་ནང་ཡུ་རོབ་གྲོས་ཚོགས་ནང་ལས་གཞི་ཁག་བཞི་སྤེལ་འཆར་སྐོར་ངོ་སྤྲོད་གནང་། དེ་ཡང་བོད་ནང་ཆེས་རྒྱ་ཆེའི་གྲོང་འཚོ་བསྐྲུན་བཞིན་པའི་སྐོར་གློག་བརྙན་གཟིགས་འབུལ་ཞུ་རྒྱུ་དང་། རྗེས་སུ་བྱེས་ཀྱི་བོད་མིའི་སྐོར་དཔར་རིགས་འགྲེམ་སྟོན། དེ་བཞིན་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་སྐོར་བགྲོ་གླེང་ཚོགས་འདུ། ལྷག་པར་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཚབ་རྣམ་པའི་རྒྱ་གར་དུ་གཟིགས་སྐོར་གནང་རྒྱུའི་ལས་འཆར་ཁག་ལ་ཚོགས་འདུ་ནས་རྒྱབ་སྐྱོར་མོས་མཐུན་གནང་ཡོད།
གཞན་ཡང་སྐུ་ཚབ་དོན་གཅོད་ཀྱིས་ལས་གཞི་ཁག་ངོ་སྤྲོད་མ་གནང་གོང་གི་སྔོན་འགྲོའི་གསུང་བཤད་ནང་ཉེ་ཆར་ཇར་མན་དབུ་ཁྲིད་མར་ཀེལ་མཆོག་སྲིད་བློན་དུ་བསྐྱར་འདེམས་བྱུང་བ་༧གོང་ས་མཆོག་གིས་འཚམས་འཕྲིན་གནང་ཡོད་སྐོར་དང་། ཡུ་རོབ་ཁུལ་ཆིབས་བསྒྱུར་ཁག་ལེགས་གྲུབ་སྐོར། དེ་བཞིན་ཉེ་ཆར་ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་ནང་བོད་དང་། ཤིན་ཅང་བཅས་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འགྲོ་བ་མིའི་ལྷན་ཚོགས་ནང་གསུང་འཕྲིན་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
མཐར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་སྐུ་ཚབ་མི་ལི་ནི་མཆོག་ནས་རིང་མིན་ཡུ་རོབ་ཁུལ་དུ་བོད་མི་མང་སྤྱི་འཐུས་བཞི་འཚམས་གཟིགས་ཕེབས་རྒྱུའི་ལས་འཆར་ཡང་ངོ་སྤྲོད་གནང་འདུག་པ་བཅས།།