༢༠༡༧ ཟླ་ ༧ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ ༢༠༡༧ ཟླ་ ༧ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༢ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་གྱིས་ཕྱི་ཟླ་ ༧ ཚེས་ ༢ རེས་གཟའ་ཉི་མའི་ཉིན་ཐེ་ཝན་རྒྱལ་ས་ཐེ་པེ་གྲོང་ཁྱེར་ནང་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་ཐོག་མར་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། དོན་ཁང་གི་སློབ་སྟོན་པ་བཅས་ཀྱིས་སྤོས་སྣེས་སྔུན་བསུས་ཏེ་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲི་རིར་གདན་ཞུ་དང་སྦྲགས། ཐེ་ཝན་རྫོགས་ཆེན་ཆོས་ཚོགས་ཀྱི་སློབ་ཕྲུག་ཚོས། བླ་མ་མཁྱེན་ནོ། ཞེས་པའི་བསྟོད་དབྱངས་འཁྲབ་སྟོན་གནང་།
དེ་ནས་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་ཚེའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་ངོ་སྤྲོད་དང་། ༸གོང་ས་མཆོག་གིས་རྒྱ་རིགས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལིའུ་ཞའོ་པའོ་ལ་འཚམས་འདྲི་མཛད་སྐོར་དང་། མགོན་པོ་གང་ཉིད་མཆོག་ཡུལ་གྲུ་གང་དུ་ཆིབས་བསྒྱུར་བསྐྱངས་སྐབས་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་དེར་འགོག་རྐྱེན་བཟོ་རྒྱུས་མཚོན་ངོ་རྒོལ་གྱི་ལས་འགུལ་ཇི་ཙམ་སྤེལ་ཡང་མཐའ་མའི་རྒྱལ་ཁ་དེ་དྲང་བདེན་ལ་ཐོབ་རྒྱུ་ཡིན་སྟབས་མང་ཚོགས་ཁྲོད་༸གོང་ས་མཆོག་ལ་དད་མོས་ཞུ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་སོགས་ངོ་སྤྲོད་གསུང་བཤད་གནང་གྲུབ་རྗེས།
དོན་ཁང་གི་འགན་འཛིན་ལྷན་ཚོགས་ཚོགས་མི་ལྕམ་ཧོང་རུའེ་རའོ་ལགས་དང་། སློབ་སྟོན་པ་ལྕམ་གྲན་མིང་རུའུ་ལགས། དགེ་རྒན་ཆེན་མོ་སྐུ་ཞབས་སུའུ་ཅཱ་ཧུང་ལགས་བཅས་ནས་༸གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་གསུང་བཤད་དང་། ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ལིན་གྲང་ཛའོ་ (Freddy Lim) མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་གཡུས་མེ་ཉུལ་མཆོག བོད་དང་ཐེ་ཝན་འགྲོ་བ་མིའི་འབྲེལ་མཐུད་འགན་འཛིན་སྲས་མོ་ལིན་ཤིན་དབྱི་ལགས་བཅས་ནས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་།
དེ་རྗེས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་ལིའུ་ལགས་དང་། ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཞོན་བློ་བཟང་ལགས་བཅས་ནས་གསུང་བཤད་གནང་བསྟུན། གངས་ལྗོངས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་གནང་བ་སུ་ཝི་ཌེན་དུ་གནས་བཞུགས་རྒྱ་ནག་མང་གཙོ་དོན་གཉེར་བ་ལྕམ་མོའོ་ལི་ལགས་ཀྱིས་བོད་དོན་སྐོར་བྲིས་པའི་རྩོམ་ཡིག་ཕྱོགས་སྒྲིག་གནང་བ་གངས་ལྗོངས་དེབ་ཕྲེང་ ༢༧ དབུ་འབྱེད་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དཔར་སྐྲུན་གནང་བ་བོད་མིའི་ངོ་བོ། ཞེས་པའི་དཔེ་དེབ་ངོ་སྤྲོད་དང་འགྲེམས་སྤེལ་བཅས་གནང་གྲུབ་མཚམས་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཕྱིར་སྨོན་ལམ་གསུང་འདོན་འུར་འདོན་དང་འབྲེལ་ཚོགས་ཞུགས་ཡོངས་ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཇལ་ཁ་ཞུས།
དེ་རྗེས་དགའ་སྟོན་གྱི་གཞས་སྣ་འཁྲབ་སྟོན་དང་། དེ་ཉིན་ཚོགས་ཞུགས་གནང་མཁན་ཐེ་ཝན་དང་བོད་མི་སེར་སྐྱ་མང་ཚོགས་ལྔ་བརྒྱ་ཙམ་ལ་ཉིན་གུང་དཀར་ཟས་ཀྱི་གསོལ་སྟོན་འདེགས་འབུལ་ཞུས་ཏེ་མཛད་སྒོ་ཕུན་སུམ་གྲ་རྒྱས་ངང་མཇུག་སྒྲིལ་བ་བཅས།།