ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢ རེས་གཟའ་པ་སངས།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་དང་། རིག་གཞུང་བསྟི་གནས་ཁང་བཅས་ཀྱི་གནས་སྟངས་གཟིགས་ཞིབ་ཆེད་འཚམས་གཟིགས་གནང་མུས་བཞིན། ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། དྲུང་ཆེ་ངག་དབང་ཡེ་ཤེས་ལགས་རྣམ་གཉིས་ནས་ཕེབས་བསུ་དང་སྦྲགས། དཔེ་མཛོད་ཀྱི་བོད་ཡིག་དང་ཨིན་ཡིག་དཔེ་དེབ་ཀློག་ཁང་། ཕྱག་དཔེ་གཅེས་ཉར་ཁང་། ཞིབ་འཇུག་ཚན་པ། རྒྱ་ཡིག་སྡེ་ཚན། ངག་རྒྱུན་ལོ་རྒྱུས་སྡེ་ཚན། འགྲེམ་སྟོན་ཁང་སོགས་སུ་གཟིགས་སྐོར་ཕེབས།
དེ་རྗེས་ཚོགས་ཁང་དུ་བོད་ཀྱི་དཔེ་མཛོད་ཁང་གི་དབུ་ལས་ལྷན་འཛོམས་ཐོག འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཆོས་རིག་བཀའ་བློན་མཆོག་འཚམས་གཟིགས་ཕེབས་པར་ཐུགས་རྗེ་ཆེ་ཞུ་བ་དང་། དཔེ་མཛོད་ཁང་གི་ངོ་སྤྲོད་སྙིང་བསྡུས་ཤིག་ཞུས། དེ་ནས་ཆོས་རིག་བཀའ་བློན་མཆོག་གིས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་གོང་མ་རྣམས་དང་། ད་ལྟའི་འགན་འཛིན། དེ་བཞིན་ལས་བྱེད་རྣམ་པའི་ལྷག་བསམ་ཐུགས་བསྐྱེད་ཆེ་བཞེས་རྐྱེན་གྱིས་ད་བར་དཔེ་མཛོད་ཁང་འདི་ཉིད་མི་ཉམས་རྒྱུན་འཛིན་ཐུབ་པ་ཙམ་དུ་མ་ཟད། ད་ལྟ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སློབ་སྦྱོང་བྱ་ཡུལ་བསྟི་གནས་དང་། ནང་ཆོས་དང་ཚན་རིག་དབར་གྱི་འབྲེལ་ལམ་འཛུགས་མཁན་སྒྲིག་འཛུགས་ཚད་ལྡན་ཞིག་ཆགས་ཡོད་པར་བརྟེན་ཐུགས་རྗེ་ཆེ་ཞུས་གནང་། མ་འོངས་པར་ཆོས་རིག་ལས་ཁུངས་ནས་དཔེ་མཛོད་ཁང་གི་ཚན་རིག་དང་སྐད་ཡིག་སློབ་ཁྲིད་ཀྱི་ལས་འཆར་ཁག་ལ་མཉམ་ཞུགས་མཐུན་འགྱུར་གང་ཐུབ་ཞུ་རྒྱུ་ཡིན་སྐོར་སོགས་གསུངས། དེ་རྗེས་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ལྷན་ཚོགས་གྲོལ་ཡོད་པ་བཅས། །