ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་ས་མེག་གྷན་དུ་བོད་ཀྱི་གསོལ་མགྲོན་ཁང་ནང་བཙན་བྱོལ་བོད་མིའི་འདུ་སྡོད་ས་གནས་ཁག་ ༡༣ ནས་ས་གནས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འབྲེལ་ཡོད་ལས་བྱེད་ཁྱོན་མི་གྲངས་ ༡༤ ལ་ཉིན་གྲངས་གཅིག་རིང་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་བསྐྱར་ཞིབ་ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། འཕྲོད་བསྟེན་དྲུང་འཕར་ཡེ་ཤེས་དབང་མོ་ལགས། སྨན་བཅོས་ལྟ་སྐྱོང་ལས་གཞིའི་འབྲེལ་ཡོད་ལས་བྱེད་སྐལ་ལྡན་ནོར་བུ་ལགས། ཟབ་ཁྲིད་པ་རྒྱ་གར་གྱི་ཆེད་ལས་མི་སྣ། ཕྱོགས་མཐའི་ས་གནས་ཁག་ནས་ཟབ་སྦྱོང་དུ་བཅར་མཁན་རྣམ་པ། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༥ ཙམ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འབྲེལ་ཡོད་ལས་བྱེད་སྐལ་ལྡན་ནོར་བུ་ལགས་ཀྱིས་ཕྱི་ལོ་ ༢༠༡༧་་༢༠༡༨ ལོའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྤྱི་ཡོངས་གྲུབ་འབྲས་ཇི་བྱུང་སྐོར་ངོ་སྤྲོད་ཞུས།
དེ་རྗེས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་གི་ཚོགས་འདུ་འདི་གལ་ཆེ་དོན་ཆེར་བརྩི་ནས་ས་གནས་ས་ཐོག་ལ་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ཐོག་ཕྱག་ལས་གནང་མཁན་འཕྲོད་ལས་པ་དང་། དེ་བཞིན་འབྲེལ་ཡོད་སྨན་ཁང་ནང་ཕྱག་ལས་གནང་མཁན་མང་དག་ཅིག་འདིར་ཕེབས་ཡོད། ད་རེས་འདིར་སྨན་བཅོས་ལྟ་སྐྱོང་ལས་གཞིའི་དམིགས་ཚད་མ་ལོན་པ་རྣམས་ཕེབས་ཡོད། སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ཉིད་ཅིའི་ཕྱིར་ལག་བསྟར་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་གལ་ཆེ་དོན་ཆེར་རྩི་བཞིན་ཡོད་ཅེ་ན། འདིའི་ནང་དངོས་སུ་ཞུགས་མཁན་རྣམས་ཀྱིས་ངེས་པ་རྙེད་པ་དང་། བློ་ཡུལ་ལ་ཡོད་པ་ཞིག་བཟོ་དགོས་རྒྱུ་གལ་ཆེན་པོ་རེད་དྲན་གྱི་འདུག རྩ་བའི་རྣམ་པ་ཚོས་མཁྱེན་གྱི་རེད། སྨན་བཅོས་ལྟ་སྐྱོང་གི་ལས་གཞིའམ་ཉེན་སྲུང་ཟེར་ན་རེད། དེ་འདྲ་ཞིག་དགོས་པ་ནི་ཕྱི་ལོ་ ༢༠༠༧ ལོར་གྲོས་ཚོགས་ནང་ཐོག་མར་བཀའ་མོལ་འགོ་བཙུགས་པ་རེད། དེ་ནས་བཟུང་འཛིན་སྐྱོང་ནས་དེའི་ཐོག་དཔྱད་པ་དང་། ཞིབ་འཇུག འབྲེལ་བ་གནང་སྟེ་ཆེད་ལས་པ་གདན་ཞུ་ཐོག་མཐར་ཕྱི་ལོ་ ༢༠༡༢ ལོར་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ཞེས་གཏན་འབེབས་གནང་ཡོད།
སྨན་བཅོས་ལྟ་སྐྱོང་གི་ལས་གཞི་གཏན་འབེབས་གནང་དགོས་པའི་རྒྱུ་མཚན་ནི། སྔོན་མ་ཕྱི་ལོ་ ༢༠༡༠།༢༠༡༡།༢༠༡༢ སྐབས་སུ་འཕྲོད་བསྟེན་ལས་ཁུངས་ཀྱི་གནས་བབ་དང་མ་དངུལ་གྱི་གནས་བབ་བཅས་གང་ཅིའི་ཐད་ནས་ཛ་དྲག་གི་གནས་སྟངས་ཆགས་ཀྱི་འདུག ཅེས་རྩིས་ཞིབ་སྙན་ཐོའི་ནང་འཁོད་ཡོད་པར་བརྟེན། ཛ་དྲག་གི་གནས་སྟངས་འདི་ཐུག་ས་ག་པར་ཐུག་གི་འདུག ཅེས་ཞུས་པའི་སྐབས་སུ་ཛ་དྲག་ངེས་མེད་ཀྱི་སྨན་བཅོས་འགྲོ་གྲོན་དངུལ་ལ་བརྟེན་ནས་ཆགས་པ་རེད། འཕྲོད་བསྟེན་ལས་ཁུངས་ཀྱི་མ་དངུལ་དེ་ཛ་དྲག་སྨན་བཅོས་ཀྱི་ལས་གཞིའི་ཐོག་བཏང་བར་བརྟེན་འབ་སུ་མ་འདུ་བའི་གནས་སྟངས་ཆགས་ཡོད། དེ་འདྲའི་གནས་བབ་ལ་བརྟེན་ནས་བཀའ་བསྡུར་བྱུང་སྟེ་མཐའ་མར་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་གཏན་འབེབས་བྱས་ནས་ལོ་དྲུག་ཙམ་འགྲོ་གི་ཡོད། ཐོག་མར་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་འགྲོ་སྟངས་དང་དེ་ལ་བརྟེན་ནས་གང་ཙམ་འགྱུར་བ་ཕྱིན་པ་རྣམ་པ་ཚོས་མཁྱེན་གྱི་རེད། སྔོན་མ་ཡིན་ན་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ནང་སྒོར་འབུམ་གཅིག་ཐད་ཀར་ཞུ་རྒྱུ་དེ་འདྲ་ཡོད། འོན་ཀྱང་དེ་ལྟར་བྱེད་པ་ཡིན་ན། མ་དངུལ་ལ་ཁྱོན་ནས་ཕན་མ་ཐོགས་པ་མ་ཟད། ད་དུང་གནོད་འཚེ་ཆེ་རུ་འགྲོ་གི་ཡོད་པའི་གནས་སྟངས་ཆགས་ཡོང་གི་ཡོད་སྟབས། མི་ཞིག་སྨན་ཁང་དུ་ཆུ་ཚོད་ ༢༤ གནས་པ་ཡིན་ན། དེ་ལ་དཔགས་པའི་དངུལ་འབུལ་སྟངས་དེ་འདྲ་ཡིན། གཤག་བཅོས་བྱེད་དགོས་བྱུང་ན། གཤག་བཅོས་རིམ་པ་ཉིས་བརྒྱ་ལྷག་གི་ཐོ་གཞུང་སྨན་བཅོས་ལྟ་སྐྱོང་ལས་གཞིའི་མ་དེབ་ནང་ཡོད། དེ་ལྟར་གཏན་འབེབས་གནང་དགོས་པའི་རྒྱུ་མཚན་ནི། ང་རང་ཚོའི་སྤྱི་ཚོགས་ནང་རིགས་གཅིག་གིས་སྨན་ཁང་བསྟེན་གཏུག་གནང་བའི་སྐབས་སོ་སོའི་ས་གནས་སུ་ཡོད་པའི་གཞུང་གི་སྨན་ཁང་དང་། དགེ་རྩ་དང་འབྲེལ་བ་ཡོད་པའི་སྨན་ཁང་། སྤྱི་ཚོགས་རང་ལ་ཕན་ཐོགས་སླད་བཙུགས་པའི་སྨན་ཁང་དེ་དག་བསྟེན་གཏུགས་མ་བྱས་པར་སྒེར་གྱིས་གཉེར་བའི་སྨན་ཁང་ཆེ་ཁག་བསྟེན་གཏུག་ཀྱིས་སྨན་གྲོན་དེ་དག་འབྱོར་ཡོང་དུས་འབ་སུ་མ་འདུ་བའི་གནས་སྟངས་ཆགས་བཞིན་ཡོད།
དེར་བརྟེན་གཤག་བཅོས་ཁག་ལ་གཞིགས་པའི་གོང་ཚད་གཏན་འབེབས་གནང་བའི་ཐོག་ནས་མཐུན་འགྱུར་སྦྱར་གནང་གི་ཡོད། དུས་ཡུན་དེའི་ནང་དབུས་ས་གཉིས་ཀྱི་འབྲེལ་ཡོད་རྣམས་ནས་སྐུ་ལས་བསྐྱོན་པ་དང་། ལྷག་པར་འཕྲོད་བསྟེན་ལས་ཁུངས་ནས་རྣམ་པ་ཚོ་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ངོ་བོ་མཚོན་མཁན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་གང་ཡིན་པ་དང་། འགྲོ་སྟངས་གང་ཡིན་པ་དེ་དག་བསླབ་མི་དགོས་པར་མཁྱེན་དགོས་ཀྱི་ཡོད་པ་དང་མཁྱེན་གྱི་ཡོད་པར་ངས་ངོས་འཛིན་བྱེད་ཀྱི་ཡོད།
རྣམ་པ་ཚོས་སྐུ་ལས་བསྐྱོན་ནས་ཕྱག་ལས་གནང་གི་ཡོད་རེད། འོན་ཀྱང་ཞན་ཆ་དང་སྐྱོན་གང་ནས་འགྲོ་བཞིན་ཡོད་པ་དེ་དག་ལ་གཟིགས་ནས་ཐོག་མའི་དམིགས་ཚད་བཟུང་བའི་གྲངས་འབོར་དེར་ཐུག་མ་ཐུབ་པའི་རྐྱེན་རྩ་དེ་གང་རེད་འདུག རྣམ་པ་ཚོས་གང་ཙམ་ཡག་པོ་མཁྱེན་པའི་གནས་སྟངས་ཆགས་ཀྱི་ཡོད། ང་རང་ཚོའི་སྤྱི་ཚོགས་ནང་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ལ་འགོག་རྐྱེན་ཁག་ཁ་ཤས་ཡོད། གང་ཡིན་ཞེ་ན་ང་ཚོའི་སྤྱི་ཚོགས་ལ་ལྟ་བའི་སྐབས་སུ་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། ལྷག་པར་རྒྱ་གར་ནང་གྲངས་ཀ་ཧ་ཅང་ཁ་གསལ་པོ་ཞིག་མེད། ང་ཚོས་སྟོང་ཕྲག་བརྒྱད་ཅུའི་ཚད་ཟིན་ནས་འགྲོ་བཞིན་ཡོད་ནའང་། དེའི་ནང་མང་པོ་ཞིག་དང་ཟུར་དང་། སློབ་གྲྭ་ཁག་འདྲ་མིན་དཔེར་ན། བོད་ཕྲུག་ཁྱིམ་སྡེ་དང་། གཏན་སློབ་ཁག་གི་ལས་བྱེད། དེ་བཞིན་དགོན་སྡེ་ཁག་རང་གི་ནང་སྨན་བཅོས་ཀྱི་མཐུན་འགྱུར་དང་ཆ་རྐྱེན་ཁག་ཡོད་སྟབས། མཐར་དབྱེ་བ་ཕྱེ་ཡོང་བའི་སྐབས་སུ་ཉུང་ངུ་ལས་མེད། འོན་ཀྱང་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་མི་མང་པོ་ཞིག་ཞུགས་ཀྱི་ཡོད། སྡེ་ཚན་བཅུ་གཉིས་མར་བཏོན་པའི་སྐབས་སུ་གྲངས་འབོར་ཚད་མཐོ་བོ་ཞིག་ཉུང་དུ་འགྲོ་གི་རེད་སྙམ་པའི་དོགས་པ་ཡོད་རེད། འོན་ཀྱང་གྲངས་ཐོ་ཡར་འབྱོར་བའི་སྐབས་སུ་དེ་ཙམ་འགྱུར་བ་མ་ཕྱིན་པར་དེ་སྔ་ལྟར་གནས་ཡོད། དེས་གང་ར་འཕྲོད་ཀྱི་ཡོད་ཅེ་ན། སྨན་བཅོས་ལྟ་སྐྱོང་ལས་གཞི་ལ་བཙན་བྱོལ་བོད་མིའི་ངོས་ནས་དང་ལེན་དང་། ཡིད་ཆེས་བློ་འགེལ། རྒྱབ་སྐྱོར། མཉམ་ཞུགས་བཅས་བྱེད་ཀྱི་ཡོད་པ་གསལ་པོ་ར་སྤྲོད་ཐུབ།
འོན་ཀྱང་ས་གནས་ས་ཐོག་མང་པོ་ཞིག་ལ་བཅར་སྐབས་སུ་ཁ་ཤས་ཀྱིས་གནད་དོན་དེ་དག་མཐིལ་ཕྱིན་པ་མ་ཤེས་པ་དང་། ཁ་གསལ་པོ་མེད་པ་དེ་འདྲའི་རྣམ་རྟོག་ཅིག་ཡོང་བཞིན་འདུག དེ་དག་ང་ཚོའི་འཕྲོད་ལས་པ་རྣམས་དང་། ས་གནས་ས་ཐོག་ཏུ་ཡོད་པའི་འབྲེལ་ཡོད་རྣམས་འཕྲོད་བསྟེན་ལས་ཁུངས་སྐུ་ཚབ་ཡིན་སྟབས། རྣམ་པ་ཚོས་ཁ་གསལ་པོའི་ཐོག་ནས་གསལ་བཤད་བྱེད་དགོས་རྒྱུའི་འགན་ཡོད། ང་ཚོའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ལ་ཆ་རྐྱེན་གང་ཡང་མེད། མདང་དགོང་སྐྱེས་པའི་བྱིས་པ་དང་། སང་འཆི་ལ་ཉེ་བའི་ལོ་རྒན་གཉིས་ཀར་འཛུལ་ཆོག་གི་ཡོད། འདི་ Complete Welfare Policy རེད། ང་ཚོའི་འདིའི་བརྒྱུད་ཁེ་ཕན་དང་དངུལ་བཟོ་རྒྱུའི་བསམ་བློ་མེད་པ་མ་ཟད། ཡོང་ཆོག་གི་མ་རེད། བོད་མིའི་སྒྲིག་འཛུགས་ནི་བོད་མི་རིགས་ཆེད་རེད། དེ་འདྲའི་བསམ་བློ་འཁྱེར་བའི་ཐོག་ནས་ཤུགས་རྒྱག་གི་ཡོད་སྟབས་འདི་མང་ཚོགས་ནས་མཁྱེན་པ་བཟོ་ཐུབ་དགོས་རྒྱུ་གནད་འགག་ཆེན་པོ་རེད། མི་ཁ་ཤས་སྨན་བཅོས་ཀྱི་ལས་གཞི་གཞན་ནང་ཡོད་སྲིད་པ་རེད། ཉིན་མ་རེར་ཧིན་སྒོར་གཉིས་རེ་གནང་མ་ཐུབ་པ་གང་ཡང་མེད། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་ཉིད་བོད་མིའི་སྒྲིག་འཛུགས་ནས་སྤེལ་བ་ཞིག་ཡིན་པ་དང་། ལས་གཞི་འདིའི་བརྒྱུད་བོད་མི་ཞིག་ལ་ཕན་ཐོགས་ཀྱི་ཡོད་པའི་བསམ་བློ་བསྐྲུན་ཐུབ་པ་བཟོ་ཐུབ་དགོས་རྒྱུ་རྣམ་པ་ཚོས་འགན་བཞེས་པའི་ཐོག་ནས་མང་ཚོགས་གང་མང་ཞུ་ཐུབ་པ་ཡིན་ན། ལས་གཞིའི་ནང་མང་ཚོགས་མཉམ་ཞུགས་ཐོག་ནས་དངུལ་འབྱོར་བ་དེ་དག་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ལ་ཕན་རླབས་དང་གཞན་ལ་དཔེ་སྟོན་ཐུབ་པའི་གནས་སྟངས་ཆགས་ཀྱི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།།