༢༠༡༧ ཟླ་ ༦ ཚེས་ ༢༥ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༠ ཉིན་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཁ་ལེ་ཧྥོར་ནི་ཡའི་ནེའུ་ཕོར་ཊི་བྷེ་ཆི་(Newport Beach,)ཨ་ན་ཧེམ་སི་ཊི་སློབ་གྲྭར་(Anaheim city school)ཆིབས་བསྒྱུར་བསྐྱངས་སྟེ་དགེ་རྒན་དང་ཚོང་པའི་འགོ་ཁྲིད་ཁག་ཅིག་ལ་བཀའ་སློབ་སྩལ་ཡོད།
དེ་ཡང་ཐོག་མར་ཨ་ན་ཧེམ་གྲོང་ཁྱེར་སྤྱི་ཁྱབ་པ་ཊོམ་ཐའེ་ཊ་(Tom Tait ) དང་སློབ་གྲྭའི་སློབ་སྤྱི་དང་དགེ་ལས་སློབ་ཕྲུག་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུ་ཐོག་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་གྲོང་ཁྱེར་ནང་གི་སློབ་གྲྭ་ཁག་ཚང་མའི་ནང་གཞན་ཕན་གྱི་བསམ་བློ་ཤུགས་ཆེ་རུ་གཏོང་ཆེད་ལས་འཆར་སྤེལ་བཞིན་པ་རྣམས་༸གོང་ས་མཆོག་ལ་ལྷ་སྙན་སྒྲོན་འབུལ་ཞུས། དེ་རྗེས་མགོན་པོ་གང་ཉིད་མཆོག་ནས་ཚོགས་ཁང་དུ་དོན་གཉེར་བ་རྣམས་ལ་བླང་དོར་བཀའ་སློབ་སྩལ་དོན།
ཐོག་མར་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་ལས་ལ་བརྩོན་བཞིན་པའི་འབྲེལ་ཡོད་དགེ་རྒན་སོགས་དང་མཇལ་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། འགྲོ་བ་མི་སྡེའི་སྤྱི་ཚོགས་འདི་བདེ་ཞིང་སྐྱིད་པ་ཞིག་སྐྲུན་ཐབས་བྱ་རྒྱུ་འདི་ང་ཚོ་ཚང་མའི་ཐུན་མོང་གི་དམིགས་ཡུལ་ཡིན། དུས་རབས་འདིིའི་དུས་ཚོད་མང་ཆེ་བ་ད་ལྟ་ཡོང་རྒྱུ་ལྷག་ཡོད། དེར་བརྟེན་གལ་ཏེ་ང་ཚོས་ཆོད་སེམས་བརྟན་པོའི་ཐོག་ནས་ད་ལྟ་ནས་ལས་ཀ་འགོ་ཞིག་བཙུགས་པ་ཡིན་ན། དུས་རབས་འདིའི་མཇུག་ཙམ་ལ་ཏན་ཏན་བདེ་སྐྱིད་དང་ཞི་བདེ་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་ཐུབ་ངེས་ཡིན་པ་ངོས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད།
སྤྱིར་སྟག་དང་གླང་ཆེན་གྱིས་མི་ཞིག་བསད་པ་རེད་ཟེར་དུས་ཧང་སང་སང་བྱས་པ་མ་གཏོགས་མིས་མི་བསད་འདུག་ཟེར་སྐབས་སྤྱིར་སྟངས་ཡིན་པ་ཙམ་ལས་དེ་ཙམ་ཧང་སང་སང་བྱེད་ཀྱི་མེད། མི་ཚེ་བདེ་ཞིང་སྐྱིད་པ་ནི་མི་ཚང་མར་ཐོབ་ཐང་ཡོད།
བརྙན་འཕྲིན་བརྒྱུད་ལམ་ཁག་ནས་བྱིས་པ་མང་པོ་ཞིག་བཀྲེས་སྐོམ་གྱིས་མནར་ནས་འཆི་བཞིན་པའི་གནས་ཚུལ་ཤོད་སྐབས་ང་ཚོས་ཚོར་བ་གང་ཡང་མེད་པ་ལྟ་བུ་སྡོད་ཐུབ་ཐབས་མེད། མི་དེ་དག་ཀྱང་ང་ཚོ་དང་མཚུངས་པར་འགྲོ་བ་མི་རིགས་གཅིག་མཚུངས་ཡིན་སྟབས་ཁོང་ཚོའི་བདེ་སྐྱིད་ཀྱི་དོན་དུ་ལས་ཀ་བྱ་རྒྱུ་ང་ཚོར་འགན་ཡོད།
སྤྱིར་འཚེ་བ་ནི་ཡུན་རིང་ནས་མིའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཆགས་ཡོད། དེའི་ཚེ་དེའི་དུས་འཚེ་བའི་ནུས་པ་དེའང་ས་ཁུལ་སོ་སོའི་ཁོར་ཡུག་ནང་ཙམ་མ་གཏོགས་དེ་ཙམ་ཁྱབ་ཆེ་བ་གང་ཡང་མེད། འོན་ཀྱང་ད་ཆ་རྡུལ་ཕྲན་མཚོན་ཆའི་དུས་སྐབས་ཡིན་སྟབས་འགྲོ་བ་མི་རིགས་ཡོངས་རྫོགས་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཡོད། འཚེ་བའི་ལས་རྣམས་གཙོ་བོ་ཞེ་སྡང་ལས་བྱུང་། རང་རྒྱུད་ཞེ་སྡང་དྲག་པོས་བརླམ་སྐབས་ལེགས་ཉེས་རྣམ་འབྱེད་ཀྱི་བློ་གྲོས་མི་གསལ་བར་གྱུར་ནས་བློ་གཟུ་བོར་གནས་ཐབས་བྲལ། དེར་བརྟེན་ཡུལ་བཟང་ངན་ལ་དཔྱད་པ་བྱ་རྒྱུའི་ནུས་པ་དེ་མེད་པ་ཆགས་བཞིན་ཡོད། ཅེས་སོགས་བཀའ་སྩལ།།