༢༠༡༦ ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢ ཉིན་༸གོང་ས་མཆོག་གིས་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་བྷེང་ལོར་ཁུལ་དུ་གཞུང་ཞབས་མི་སྣ་ཁག་གཅིག་ལ་བཀའ་སློབ་སྩལ་འདུག དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་མགོན་པོ་གང་ཉིད་མཆོག་བཀྲ་ཤིས་ལྷུན་པོའི་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་དགའ་ལྡན་ཁྲི་རིན་པོ་ཆེས་གཙོས་ཤར་བྱང་ཆོས་རྗེ་རྣམ་གཉིས་དང་། གདན་སའི་མཁན་བླ་སྤྲུལ་རྣམ་པས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་རྡོ་ཅལ་ཐོག་བཀྲ་ཤིས་ལྷུན་པོའི་དགེ་འདུན་འདུས་མང་དང་ལྷན་སྐུ་པར་སྒྲོན་གནང་མཛད་རྗེས་བྷེང་ལོར་དུ་ཆིབས་ཞལ་བསྒྱུར། ལམ་བར་བོད་མི་སེར་སྐྱ་སྟོང་ཕྲག་མང་པོས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་སོགས་ཐོགས་ནས་འཛམ་གླིང་ཞི་བདེའི་དད་དཔོན་ཆེན་པོར་ཕེབས་སྐྱེལ་ཞུས་འདུག དེ་རྗེས་ལམ་བར་མན་ཌེ་ཡ་ Mandya ཞེས་པའི་གྲོང་ཁྱེར་དེར་ཁྱུག་ཙམ་རིང་ཆིབས་འགྲོ་བཀག་ནས་སྐུ་ངལ་གསོ་གནང་མཛད། འོན་ཀྱང་ས་གནས་དེར་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་མཛད། ཉིན་གུང་རྒྱལ་ས་བྷེང་ལོར་དུ་༸ཞབས་སོར་བདེ་བོར་འཁོད་དེ་ལྗགས་སྨིན་གྲུབ་བསྟུན། ༸གོང་ས་མཆོག་གིས་རྒྱ་གར་གཞུང་ཞབས་མི་སྣ་ (IAS) ཁག་གཅིག་ལ་བླང་དོར་བཀའ་སློབ་སྩལ་དོན། བརྩེ་བའི་སྤུན་མཆེད་ཕོ་མོ་རྣམ་པ། དེ་རིང་འདིར་ཁྱེད་རྣམས་དང་ཐུག་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། ང་ཚོ་ཚང་མ་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་དེའི་ནང་གི་ཆ་ཤས་ཤིག་ཆགས་ཡོད། དེར་བརྟེན་གཞི་རྩའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན། སྤྱིར་ཆོས་དད་ཡོད་མེད་དང་ཤ་མདོག་དཀར་ནག དེ་བཞིན་སྐྲ་དང་སྐད་ཡིག་སོགས་མི་འདྲ་བ་ཕྲན་བུ་ཡོད་ཀྱང་དེ་དག་གཞི་རིམ་གཉིས་པའི་གནས་སྟངས་ཤིག་རེད། ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་འདི་གཞི་རྩའི་གནས་བབ་གཅིག་ཆགས་ཡོད།
ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ང་རང་ཚོ་མིས་བཟོས་པ་ཤ་སྟག་རེད། ང་ཚོས་གཞི་རིམ་གཉིས་པའི་ཐོག་ནས་ང་ཚོ་ཕན་ཚུན་དབར་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་པ་དེ་དག་ལ་ཧ་ཅང་དགོས་མེད་ཀྱིས་གཙིགས་ཆེར་འཛིན་ནས་ང་ཚོ་དང་ཁོ་པ་ཚོ། ཞེས་རང་གཅེས་འཛིན་གྱི་བསམ་བློ་དེས་འཚེ་བའི་བྱ་སྤྱོད་དང་ལྐོག་ཟ་རུལ་སུངས་སོགས་ཀྱི་དཀའ་ངལ་ཡོང་བཞིན་ཡོད། དེ་ལས་ལྡོག་སྟེ་ང་ཚོས་འགྲོ་བ་མི་རིགས་ཡོངས་རྫོགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་བཏང་ནས་སྐྱེ་འགྲོ་སྤྱིའི་བདེ་དོན་སླད་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འགྲོ་བ་མི་རིགས་སྤྱི་དེ་བདེ་སྐྱིད་ལྡན་པ་ཞིག་བྱུང་ན་གང་ཟག་སྒེར་ལ་བདེ་སྐྱིད་ཡོང་རྒྱུ་ངེས་ཡོད། གལ་ཏེ་འགྲོ་བ་མི་རིགས་སྤྱི་དེ་འཇིགས་སྣང་དང་དོགས་པ་རྣམ་རྟོག་བྱས་ནས་བསྡད་ན་སྐྱིད་པ་གང་ཡང་མེད། བློའི་རྣམ་གཞག་དང་རྣམ་རྟོག་གི་འགྲོ་སྟངས་དང་བྱེད་ལས་གང་འདྲ་ཡིན་མིན་སྐོར་དེ་དག་ཆོས་དང་མ་འབྲེལ་བར་ཤེས་ཡོན་ཁོ་ནའི་ངོ་བོའི་ཐོག་ནས་ང་ཚོས་ལྟ་ཐུབ་པ་དགོས་རྒྱུ་གལ་ཆེ། དེར་བརྟེན་ངོས་ཀྱིས་འདས་པའི་ལོ་ངོ་ ༣༠ ལྷག་རིང་ཚན་རིག་པ་དང་ལྷན་བགྲོ་གླེང་བྱས་ཡོད། དེའི་གྲུབ་འབྲས་ལ་ཕྱོགས་གཉིས་ཀར་ཕན་ཐོགས་བྱུང་ཡོད། ངོས་ལ་མཚོན་ན་ནང་པའི་གཞུང་གི་ཆོས་མངོན་པ་ནས་གསུང་པའི་འཛམ་གླིང་གི་དབྱིབས་ལྡུམ་པོ་དང་དབུས་སུ་རིའི་རྒྱལ་པོ་རི་རབ་ཟེར་བ་དེ་དག་མེད་པར་རྟོགས་ཐུབ་བྱུང་བ་མ་ཟད། ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་ནས་གཟུགས་ཅན་གྱི་ཆོས་དེ་དག་མར་ཆ་ཕྱེ་ནས་ལྟ་སྐབས་རང་ངོས་ནས་གྲུབ་པ་ཞིག་མེད་པའི་གྲུབ་དོན་དེ་ནང་པ་སངས་རྒྱས་པའི་དབུ་མའི་གཞུང་ནས་ཆོས་རྣམས་རང་ངོས་ནས་གྲུབ་མེད་པའི་རྣམ་གཞག་གསུངས་པ་དང་ཧ་ཅང་མཐུན་པ་ཞིག་ཡིན་པ་ཤེས་རྟོགས་ཐུབ་བྱུང་།
ངོས་ཀྱི་མི་ཚེའི་དུས་ཚོད་བཟང་ཤོས་འདས་པའི་ལོ་ངོ་ང་དྲུག་རིང་རྒྱ་གར་ནང་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་ལ་སློབ་སྦྱོང་བྱས་ནས་བསྡད་ཡོད་སྟབས། ངོས་རང་རྒྱ་གར་གྱི་བུ་གཅིག་ཡིན་བསམ་པ་དྲན་བཞིན་འདུག དེར་བརྟེན་ངོས་རང་འཛམ་གླིང་ས་ཕྱོགས་གང་དུ་བསྐྱོད་ཀྱང་རྒྱ་གར་གནའ་རབས་ཀྱི་འཚེ་མེད་ཞི་བ་དང་། ཆོས་ལུགས་མཐུན་སྒྲིལ། བྱམས་བརྩེའི་བསླབ་བྱ་སོགས་ཀྱི་སྐོར་བཤད་ཀྱི་ཡོད། ཅེས་བཀའ་སློབ་སྩལ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད། །