༢༠༡༥ ཟླ་ ༡༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཧོན་སུར་རབ་རྒྱས་གླིང་དུ་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ཧྲིལ་པོ་ཉི་ཤུ་རྩ་དྲུག་འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པའི་མཛད་སྒོའི་ཐོག་མགོན་པོ་གང་ཉིད་མཆོག་གིས་མང་ཚོགས་རྣམས་ལ་ཐུགས་བརྩེའི་བཀའ་སློབ་སྩལ་དོན།
དེ་རིང་འདིར་མངའ་སྡེའི་བློན་ཆེན་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པ་གཉིས་དང་། དེ་བཞིན་ཡུལ་གྲུ་ཁག་འདྲ་མིན་ནས་ཕེབས་པའི་ང་ཚོའི་གྲོགས་པོ་རྣམ་པ། ས་གནས་འདི་གའི་བོད་རིགས་སེར་སྐྱ་རྒན་བྱིས་ཚང་མར་ཞུ་རྒྱུར། དེ་རིང་འདིར་ནམ་རྒྱུན་ཟླ་བ་བཅུ་གཉིས་པའི་ཚེས་པ་བཅུ་ལ་ངོས་རང་ལ་དེ་སྔོན་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་ཉིན་མོ་ཞིག་ལ་བརྩིས་པའི་ཐོག་ནས་ས་གནས་ཁག་མང་པོའི་ནང་དུས་ཆེན་ཞིག་ཚོགས་སྲོལ་ཡོད། དེ་རིང་འདིར་མ་འགྲིག་ལྷུན་གྲུབ་ལྟ་བུ་ཞིག་བྱས་ནས་རྒྱུད་སྨད་གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་ཐོག་ནས་བསྟན་པ་འཛིན་མཁན་གྱི་བསྟི་གནས་གལ་ཆེ་ཤོས་ཤིག་ཆགས་ཡོད། ལོ་རྒྱུས་ཀྱི་ཐོག་ནས་ཧ་ལམ་ལོ་དྲུག་བརྒྱ་ཙམ་ཕྱིན་ཡོད། ས་གནས་འདིར་བཀའ་ཆོས་བྱ་རྒྱུའི་དུས་ཚོད་དང་སྟབས་འཁེལ་ནས་དེ་རིང་འདིར་དུས་སྟོན་བྱ་རྒྱུ་བྱུང་བ་རེད།
ཐོག་མར་དེ་རིང་འདིར་གཞས་གཏོང་མཁན་སློབ་ཕྲུག་ཕོ་མོ་ཁྱེད་རང་ཚོ་དང་མི་མང་། དེ་བཞིན་གོང་དུ་གཞས་སློབ་མཁན་རྨོ་ལགས་ཁོང་རང་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་ཚོ་ཚང་མ་ཆོས་ཕྱོགས་ཐོག་ནས་བཤད་ན། ལས་དང་སྨོན་ལམ་གྱི་ཐོག་ནས་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་ཞིག་ཡིན། མཐོང་ཆོས་ཐོག་ནས་བཤད་ནའང་དཀའ་ལས་ཉག་ཕྲ་བའི་དུས་སྐབས་འདིའི་རིང་དཀའ་ལས་མཉམ་པོར་རྒྱག་མཁན་ཆགས་ཡོད། དེར་བརྟེན་དེ་རིང་ཁྱེད་རང་ཚོས་སེམས་འགུལ་ཆེན་པོའི་ཐོག་ནས་དུས་ཆེན་སྲུང་བརྩི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དུས་ཚོད་ཐུང་ངུ་ཞིག་གི་ནང་གོ་སྒྲིག་འཐུས་ཚང་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མངའ་སྡེའི་བློན་ཆེན་རྣམ་པ་གཉིས་ཀྱིས་སེམས་འགུལ་ཐེབས་རྒྱུའི་གསུང་བཤད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞི་རྐང་སྔ་མོ་ད་ལྟའི་ཀར་ནཱ་ཊ་ཀ་མངའ་སྡེ་ཟེར་བ་དེར་དེ་སྔོན་མེ་སོར་མངའ་སྡེ་ཞེས་བརྗོད་ཀྱི་ཡོད། ངོས་རང་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་མྱང་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དུས་ཆེན་དེར་རྒྱ་གར་དུ་སླེབ་སྐབས་རྒྱ་གར་ས་ཁུལ་ཁག་འགའ་ཤས་ནང་བལྟ་སྐོར་དུ་ཕྱིན་པ་ཡིན། སྦེང་ལོར་དང་མེ་སོར་ལའང་ཕལ་ཆེར་བསླེབས་པ་རེད། སྐབས་དེ་དུས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཅི་ལིངྒ་པ་མཆོག་ཡིན།
ངོས་ཀྱི་སྐབས་དེ་དུས་ནས་སྐུ་ཞབས་དམ་པ་ཁོང་ངོ་ཤེས་ཀྱི་ཡོད། ཁོང་གིས་སྐབས་དེ་དུས་ནས་དམིགས་བསལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་མཁན་ཞིག་ཡིན། དེ་ནས་ངོས་རང་བོད་ལ་ཕྱིར་ལོག་བྱས་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ནང་རྐྱེན་ངན་གཡོལ་ཐབས་མེད་པ་ཞིག་འཕྲད་ནས་བཙན་བྱོལ་བ་ཆགས་ཏེ་རྒྱ་གར་དུ་བསླེབས་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ཕུགས་རྒྱང་རིང་པོའི་ཆ་ནས་གཞིས་ཆགས་སྲ་བརྟན་གལ་ཆེ་ཤོས་ཤིག་ལ་བརྩིས་ཡོད། དེ་བཞིན་སློབ་གྲྭ་བཙུགས་པའི་ཐོག་ནས་ན་གཞོན་ཚོར་ཤེས་ཡོན་སྤྲོད་རྒྱུ་དེ་ཚོ་གལ་ཆེ་ཤོས་བརྩིས་པ་དང་། སྐབས་དེ་དུས་རྒྱ་གར་སྲིད་བློན་དམ་པ་ནེ་རུ་མཆོག་ལ་བོད་པ་གནས་སའི་གཞིས་ཆགས་ཁག་གནང་སྐྱོང་ཡོང་བར་ཞུས་སྐབས་སྲིད་བློན་མཆོག་གིས་མངའ་སྡེ་ཚོར་ཕྱག་བྲིས་ཕུལ་བའི་ནང་ནས་མེ་སོར་མངའ་སྡེས་སེམས་ཁུར་ཆེན་པོས་དང་ལེན་གནང་འདུག དེར་བརྟེན་རྒྱ་གར་ལྷོ་ཕྱོགས་ནང་བོད་མིའི་གཞིས་སྒར་ཆེ་ཤོས་རྣམས་ཚུགས་ཐུབ་པ་བྱུང་ཡོད།
གང་ལྟར་དེ་རིང་ཁ་སང་མངའ་སྡེ་འདིའི་ནང་བོད་མི་ཁྲི་གསུམ་ཡས་མས་ཡོད། དེ་བཞིན་མངའ་སྡེ་འདིའི་ནང་སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད། དུས་རབས་བརྒྱད་པའི་ནང་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་བ་འཚོ་དང་དེ་བཞིན་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ནི་ཐུགས་དགོངས་ཡངས་པོར་གཟིགས་ཐུབ་མཁན་ཞིག་བྱུང་འདུག ཞེ་ས་མ་ཞུས་ན་ལྷག་བསམ་དང་སྙིང་སྟོབས་ཡོད་པ་བརྗོད་མི་དགོས་ཤིང་། གང་ལྟར་བློ་རྒྱ་ཧ་ཅང་ཆེན་པོ་ཞིག་རེད་འདུག ཆོས་རྒྱལ་བཀའ་དྲིན་ཅན་ཁྲི་སྲོང་ལྡེ་བཙན་ཁོང་གིས་དུས་རབས་བརྒྱད་པའི་ནང་བོད་ནང་སངས་རྒྱས་པའི་བསྟན་པ་འཛུགས་རྒྱུ་དེ་ཡང་ནཱ་ལེནྡྲའི་ཆོས་བརྒྱུད་དེ་བོད་ནང་འཛུགས་རྒྱུའི་དགོངས་པ་འཁྲུངས་ནས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་འདྲེན་ཞུས་ཡོད། བོད་གངས་ཅན་ལྗོངས་སུ་ལོ་སྟོང་ཕྲག་ལྷག་གི་རིང་མཁན་ཆེན་ཞི་བ་འཚོའི་ལམ་སྟོན་ལ་བརྟེན་ནས་ང་ཚོས་གཞུང་ཆེན་སློབ་སྦྱོང་བྱེད་རྒྱུ་ཡོད་པ་དེ་དག་ཧ་ལམ་འཛམ་གླིང་འདིའི་སྒང་གི་ནང་པའི་ཡུལ་གྲུའི་ནང་ནས་ཕལ་ཆེར་བོད་པ་གཅིག་པུ་རེད་འདུག དེ་འདྲའི་ཞིབ་ཚགས་པོའི་ངང་ནས་སློབ་སྦྱོང་བྱེད་རྒྱུ་ཡོད་པ་དེ་བོད་པ་གཅིག་པུ་རེད། རྩ་བ་བློ་ལ་འཛིན་རྒྱུ་ཡོད་པ། འགྲེལ་བཤད་ཚིག་རེ་རེ་བཞིན་བརྒྱབ་རྒྱུ་ཡོད་པ། རིགས་ལམ་གྱི་ཐོག་ནས་བརྡར་ཤ་དཔྱད་རྒྱུ་ཡོད་པ་སོགས་དེ་འདྲའི་སློབ་གཉེར་སྤུས་དག་པོ་བྱེད་རྒྱུ་ཞིག་དང་། དེ་དང་འབྲེལ་བའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཉམས་ལེན་བསྟན་ཐོག་གཅིག་ཏུ་བྱེད་རྒྱུའི་ཕྱག་སྲོལ་སྤུས་དག་པོ་ཞིག་ཡོད་པ་རེད། དེ་འདྲ་ཡོད་པ་དེ་ང་ཚོ་བོད་མི་རིགས་ཤིག་གི་ཆ་ནས་བཤད་ན་སོ་སོའི་གཅེས་ནོར་རེད། ཆེ་ས་ནས་བརྗོད་ན། སྤྱིར་སངས་རྒྱས་པའི་ཆོས་དེ་འཛམ་གླིང་འདིའི་སྒང་ལ་གལ་ཆེ་བའི་གྲས་ཤིག་ཆགས་ཡོད་པ་མ་ཟད། སངས་རྒྱས་པའི་ཆོས་བརྒྱུད་ནང་ནས་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ཟབ་ཤོས་དང་རྒྱ་ཆེ་ཤོས་ཆགས་ཡོད།
དེར་བརྟེན་ཕལ་ཆེར་འཛམ་གླིང་གི་གཅེས་ནོར་རེད་ཅེས་ངོས་ཀྱིས་ལབ་ཀྱི་ཡོད། གཅེས་ནོར་རེད་ཅེས་ལྷ་ཁང་སྟོང་པ་བཞེངས་ནས་ཕན་རྒྱུ་གང་ཡང་མེད། དེ་ལས་ལྷག་པའི་བཅོམ་ལྡན་འདས་ཀྱི་སྐུ་ཆེན་པོ་དེ་འདྲ་བཞེངས་ཀྱང་ཧ་ཅང་ངོ་མཚར་སྐྱེ་རྒྱུ་གང་ཡང་མི་འདུག བཅོམ་ལྡན་འདས་ཀྱི་སྐུ་ཐོག་བརྩེགས་ཅན་ཞིག་བཞེངས་པ་ཡིན་ནའང་། སྤྱིར་རྩ་ཆེན་པོ་རེད། འོན་ཀྱང་སྐུ་དེས་གསུང་ནམ་ཡང་བྱོན་རྒྱུ་མ་རེད། རྡོ་རྗེ་གདན་ལ་ཡོད་པའི་སྟོན་པའི་སྐུ་ཆེན་པོ་དེ་དག་འབྱུང་འགྱུར་ལོ་བརྒྱ་ཕྲག་སྟོང་ཕྲག་བཞུགས་ཀྱི་རེད། འོན་ཀྱང་སྐུ་དེས་བླང་དོར་གྱི་གནད་སྟོན་པའི་གསུང་བྱོན་རྒྱུ་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་ཆ་ཚང་གསུངས་ཟིན་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་པའི་སངས་རྒྱས་དང་། ཆོས་དགེ་འདུན་དཀོན་མཆོག་ཅེས་པ་ལས་གཙོ་བོ་ཆོས་དཀོན་མཆོག་དེ་ཆགས་ཡོད། མདོར་ན་སྡེ་སྣོད་གསུམ་གྱི་འཆད་ཉན། བསླབ་པ་གསུམ་གྱི་ཉམས་ལེན། དེ་ཡང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཞིག་གིས་བསྟན་ཐོག་ཅིག་ལ་གང་ཟག་ཅིག་གིས་འགེག་མེད་དུ་ཉམས་ལེན་བྱ་རྒྱུ་ཡོད་པ་དེ་ང་ཚོས་ལོ་ངོ་དེ་དག་གི་རིང་གཙོ་ཆེ་ཤོས་བཤད་གྲྭ་ཆེན་པོ་དེ་དག་གིས་འཛིན་པ་དང་། དེ་འདྲའི་བཤད་གྲྭ་དེ་དག་ཕྱི་ལོ་ ༡༩༥༩ ལོར་བོད་ནང་ཟིང་འཁྲུག་ལངས་སྐབས་བཤད་གྲྭ་དེ་ཚོའི་མཁས་དབང་ཉུང་ཤས་ཤིག་རྒྱ་གར་དུ་ཕེབས་ཐུབ་པ་བྱུང་ཡོད། དེ་མཚུངས་སློབ་སྦྱོང་བྱེད་བཞིན་པའི་སྟོང་ཕྲག་ཡས་མས་ཤིག་རྒྱ་གར་དུ་འབྱོར་ཐུབ་པ་བྱུང་ཡོད། སྐྱེས་བུ་དེ་དག་གིས་བདག་པོ་ཡག་པོ་བརྒྱབ་མ་ཐུབ་པར་དེ་ཚོ་རྫོགས་པ་ཡིན་ན་ད་ཆ་སྟོང་ཟིན་པ་རེད། དེར་བརྟེན་དང་པོ་སྦག་ས་ཆོས་སྒར་ཚུགས་པ་དེ་ཡང་རྒྱུ་མཚན་དེ་འདྲར་བརྟེན་ནས་ཚུགས་པ་ཞིག་རེད། རིམ་པས་ང་ཚོ་གཞིས་ཆགས་དེ་དག་ཡག་པོ་བྱས་ནས་གཞི་ཚུགས་ཡོང་བའི་སྐབས་དེར་སློབ་གཉེར་ཁང་དེ་དག་གཞིས་ཆགས་ཆེ་ཁག་གི་ནང་དེ་འདྲ་བྱས་ཏེ་ཚུགས་པ་ཡིན་ན་ཕུགས་རྒྱང་བརྟན་པོ་ཡོང་བར་རེ་ནས་ཚུགས་པ་ཞིག་རེད། དེང་གི་ཆར་རིས་མེད་ཀྱི་ཆོས་སྒར་ཆེ་ཁག་མང་པོ་ཞིག་ཚུགས་ཐུབ་པ་བྱུང་ཡོད། གཙོ་ཆེ་བ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དེ་ཡང་དེ་འདྲ་བྱས་ནས་ཚུགས་པ་རེད། དེར་བརྟེན་ངོས་རང་གི་ཕྱི་ལོ་ ༡༩༥༦ ལོ་ནས་ངོ་ཤེས་པ། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་མི་བཙན་བྱོལ་བའི་ཐོག་ལ་དངོས་གནས་དྲང་གནས་ཤ་ཚའི་རྒྱབ་སྐྱོར་རོགས་རམ་གནང་མཁན་སྐུ་ཞབས་ནི་ཅི་ལིངྒ་པ་མཆོག་ངོས་ཀྱིས་རྟག་པར་དྲན་བཞིན་ཡོད། དེ་རིང་ང་ཚོས་དུས་སྟོན་དེའི་ཐོག་དམ་པ་ཁོང་ལ་རྗེས་དྲན་ཞུ་དགོས་པ་ཞིག་རེད། སྐུ་ཞབས་ཁོང་གི་མཇུག་མཐུད་མཁན་མངའ་སྡེའི་བློན་ཆེན་རིམ་པས་ཐུགས་ཁུར་བཞེས་ནས་ད་ལྟའི་བློན་ཆེན་རྣམ་གཉིས་ཀྱིས་བོད་པར་ཤ་ཚ་བའི་ཐོག་ནས་བོད་པ་ཚོར་ཁ་ཡོད་ལག་ཡོད་ཀྱི་སྒང་ནས་རོགས་རམ་གང་ཐུབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེར་བརྟེན་ང་རང་ཚོ་བོད་པ་ཚང་མས་སྤྱིར་རྒྱ་གར་གཞུང་གི་བཀའ་དྲིན། ཡང་སྒོས་ལྷག་པར་ཅན་དུ་མངའ་སྡེ་འདིའི་གཞུང་དང་མི་མང་རྣམས་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པར་བརྟེན་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ངོས་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་གནང་རྒྱུའི་གསལ་བསྒྲགས་གནང་སྐབས་ངོས་རང་ཨ་མི་རི་ཀར་ཡོད། ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་ངོས་ལ་གནང་རྒྱུའི་གསལ་བསྒྲགས་བྱས་ནས་གསར་འགོད་པ་ཁག་གཅིག་གིས་ངོས་ལ་ཁྱེད་རང་ལ་ཚོར་སྣང་གང་འདུག་ཅེས་སྐད་ཆ་དྲིས་བྱུང་། ངོས་ལ་ཚོར་བ་གང་ཡང་མི་འདུག་ཅེས་ཞུས་པ་ཡིན། ངོས་ལ་ཞི་བདེའི་གཟེངས་རྟགས་ཐོབ་རུང་མ་ཐོབ་རུང་ངོས་རང་ནང་པའི་དགེ་སློང་དཀྱུས་མ་ཞིག་ལས་དེ་ལས་ཡར་འཕར་རྒྱུ་དང་། མ་ཐོབ་ན་མར་བྲི་རྒྱུ་སོགས་གང་ཡང་མེད་ཅེས་ཞུས་པ་ཡིན། སྤྱིར་གཟེངས་རྟགས་དེ་མིང་ཆེན་པོ་ཞིག་རེད། གང་ལྟར་གནས་ཚུལ་ག་རེའི་ཐོག་ལ་ཡིན་ནའང་ངོ་ལྐོག་རྒྱབ་མདུན་མེད་པར་ལྷག་བསམ་རྣམ་དག་བྱས་པ་ཡིན། དེ་འདྲའི་ལྷག་བསམ་རྣམ་དག་བྱས་པར་ངོས་འཛིན་གནང་བའི་གཟེངས་རྟགས་ཤིག་རེད། ཅེས་བརྗོད་པ་ཡིན། ངོས་རང་དགེ་སློང་ཞིག་ཡིན་བསམ་པ་རྨི་ལམ་ཚུན་ཆད་ལའང་དྲན་བཞིན་ཡོད། ངོས་རང་གིས་ངོས་ནས་སྡོམ་པ་ཡག་པོ་བསྲུང་བ་ཡིན་ན་ངོས་རང་དགེ་སློང་ཡིན་པ་དེ་སུ་ཞིག་གིས་ཀྱང་འགུལ་སྐྱོད་ཐུབ་ཀྱི་མ་རེད། ཏཱ་ལའི་བླ་མ། ༸རྒྱལ་བ་རིན་པོ་ཆེ་མཆོག ཟེར་བ་དེ་དག་མིས་བཟོས་ནས་མིང་བཏགས་པ་ཞིག་རེད། ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཟེར་བ་དེ་ཡང་འགྱུར་བ་ཕྱིན་ཚར་བ་རེད། ཕྱི་ལོ་ ༢༠༡༡ ནས་བཟུང་ངོས་ཀྱིས་ཆབ་སྲིད་ཀྱི་ལས་འགན་དེ་མཚམས་འཇོག་བྱས་ཟིན་པ་རེད། གང་ལྟར་དུས་ཚོད་ཁག་པོ་དེ་དག་གི་རིང་ང་རང་ཚོ་ཚང་མས་སྐྱིད་གཅིག་སྡུག་གཅིག་གི་ཐོག་ནས་ཚང་མས་ཧུར་ཐག་འབད་ཐག་བྱས་པ་རེད། དེ་བྱས་པའི་འབྲས་བུར་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ང་དྲུག་ཉེ་བའི་རིང་དེར་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་བྱུང་ཐུབ་ཡོད།
འདས་པའི་ལོ་སུམ་ཅུ་ཙམ་གྱི་རིང་ངོས་ཀྱི་ཚན་རིག་པ་དང་ལྷན་བགྲོ་གླེང་དང་གོ་བསྡུར་བྱས་པ་ཡིན། ང་ཚོ་སངས་རྒྱས་པའི་ཆོས་པ་ཞིག་གིས་ཚན་རིག་པའི་དཔྱད་ཞིབ་གནང་བའི་དངོས་ཁམས་རིག་པའི་སྐོར་ཚུར་སློབ་སྦྱོང་བྱེད་རྒྱུ་ཡོད་པ། ནང་གི་སེམས་ཁམས་རིག་པའི་སྐོར་ཚན་རིག་པ་ཚོས་ངོ་མཚར་སྐྱེས་ནས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་ཤེས་ཡོན་གཏིང་ཟབ་པོ་ཡོད་པ་འདི་ང་ཚོས་བདག་པོ་བརྒྱབ་ནས་འགྲེལ་བཤད་བྱེད་སྐབས་ཚན་རིག་པ་ཚོ་ཧ་ཅང་གི་དགའ་པོ་བྱེད་བཞིན་འདུག དེར་བརྟེན་ཆོས་ཞེས་བརྗོད་སྐབས་ནང་པའི་ཆོས་རེད་མ་གཏོགས་གཞན་ཚོར་འབྲེལ་བ་གང་ཡང་མེད། ཡིན་ནའང་སངས་རྒྱས་པའི་གཞུང་གི་ནང་ནས་ལྟ་གྲུབ་སྐོར་དེ་ཆོས་ཡོད་མེད་ལ་མ་ལྟོས་པར་མི་ཚང་མར་ཕན་ཐོགས་ཡོད་པ་ཞིག་དང་། འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་ཆོས་དད་མེད་མཁན་གྱི་མཁས་པ་མང་པོས་དོ་སྣང་བྱེད་བཞིན་འདུག ངོས་ཀྱིས་གོང་དུ་བཤད་པ་ལྟར་བོད་པས་འཛིན་བཞིན་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་འཛམ་གླིང་གི་སྤྱི་ནོར་རེད། ཅེས་བརྗོད་དགོས་པའི་རྒྱུ་མཚན་དེ་རེད། རྩ་བ་ཆེན་པོ་རེད། སྐྱབས་སུ་མཆི་ཞེས་པ་དེ་ཙམ་མིན་པར་དངོས་ཡོད་གནས་ཚུལ་འཛམ་གླིང་མི་མང་དུང་ཕྱུར་བདུན་བཅུ་ཙམ་ཡོད་པ་འདི་དག་ལ་ཕན་ཐོགས་ཐུབ་པ་ཞིག་བྱེད་དགོས་པ་རེད། མི་རྦད་དེ་སེམས་འཁྲུག་པ། ཞེ་སྡང་དང་ཁོང་ཁྲོས་མི་གསོད་རེས་དང་ཐུབ་ཚོད་གཏོང་བ། ཐ་ན་ཆོས་ལ་དད་པ་ཡོད་པ་དེ་འཁྲུག་འཛིང་གི་རྐྱེན་དུ་འགྲོ་བ་སོགས་ཐབས་སྐྱོ་བའི་གནས་སྟངས་ཆགས་སྐབས་དེར་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོས་ལམ་སྟོན་མཛད་པའི་སེམས་ཁམས་དང་ལྟ་གྲུབ་སྐོར་དེ་དངོས་ཡོད་ཕན་ཐོགས་ཡོད་པ་ཞིག་རེད། དེར་བརྟེན་སངས་རྒྱས་པའི་བསྟན་པ་འདི་ང་རང་ཚོ་བོད་པའི་གཅེས་ནོར་རེད། དེ་འདྲའི་ལྟ་གྲུབ་ཟབ་མོ་དེ་བོད་སྐད་རང་གི་ཐོག་ནས་འགྲེལ་བཤད་བརྒྱབ་པ་ལས་ང་ཚོས་སྐད་ཡིག་གཞན་ལ་བརྟེན་དགོས་པ་གང་ཡང་མེད། དཔལ་ནཱ་ལེནྡྲའི་མཁས་པའི་རྣམ་དཔྱོད་ཀྱི་སྩལ་ལས་ཐོན་པའི་ལེགས་བཤད་གཏོང་ཟབ་དེ་དག་ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་སྟེང་འབྲེལ་བ་ཡོད་པ་ཞིག་དང་། འགྲོ་བ་མི་དུང་ཕྱུར་བདུན་ཅུར་ཕན་ཐོགས་པའི་ལེགས་བཤད་ཅིག་ང་རང་ཚོའི་སྐད་ནང་ཡོད་པ་ཞིག་རེད། དེ་ནི་ཧ་ལས་དགོས་པ་ཞིག་རེད། འཛམ་གླིང་འདིའི་སྟེང་སྐད་ཡིག་སྟོང་ཕྲག་མང་པོ་ཡོད་སྲིད་ཀྱང་། ནཱ་ལེནྡྲའི་མཁས་པའི་དབང་པོས་གཏན་ལ་ཕབ་པའི་ལེགས་བཤད་འདི་ད་ལྟའི་དུས་ཚོད་འདིར་དགོས་མཁོ་ཡོད་པ་དང་དེ་ཚོའི་སྐོར་འགྲེལ་བཤད་བརྒྱབ་པར་བོད་སྐད་ལས་ལྷག་པའི་སྐད་ཡིག་གཅིག་ཀྱང་མེད། དེ་ང་ཚོར་སྤོབས་པ་སྐྱེ་འོས་པ་ཞིག་རེད། སྔོན་གྱི་བོད་པའི་མཁས་པ་ཚོས་མི་རབས་ནས་མི་རབས་དཀའ་ལས་བརྒྱབ་པ་དེ་ད་ལྟའི་དུས་རབས་ཉི་ཤུ་རྩ་གཅིག་ནང་ང་ཚོས་ངོམས་ཆོག་པ་ཞིག་དང་། རང་ཉིད་ལའང་སེམས་ཞི་བདེ་བསྐྲུན་ཐུབ་པ། མི་ལ་ཡིན་ནའང་ངོམས་ཆོག་པ་ཞིག་དང་ཞབས་འདེགས་བསྒྲུབ་ཐུབ་པའི་ཆ་རྐྱེན་ཏན་ཏན་ཡོད་པའི་བཟོ་འདྲ་བོ་འདུག སངས་རྒྱས་པའི་གཞུང་ནས་གསུང་པའི་བསླབ་བྱ་དེའི་ཐོག་ནས་ཁྱེད་རང་ཚོས་ཉམས་ལེན་བྱོས་དང་། མ་འོངས་པར་ང་ཚོ་བོད་མིའི་ཁྲོད་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཁ་ཤས་ཡོང་མདོག་ཁ་པོ་རེད། གང་ལྟར་ཁྱེད་རང་ཚོ་སྔོན་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུའི་བསམ་བློ་འཁོར་གྱི་མེད་ནའང་། ཞི་བདེའི་གཟེངས་རྟགས་ཤིག་ཐོབ་ན་བསམས་ནས་ཨུ་ཚུགས་བརྒྱབ་ཤོག ཅེས་བཀའ་སློབ་སྩལ། །