༢༠༡༥ ཟླ་ ༨ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣༡ ཉིན་སུད་སི་དང་ལེཀ་ཊེན་སི་ཊེན་ཁུལ་དུ་གནས་སྡོད་བོད་མི་རྣམས་ཀྱིས་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་འཛོམས་ནས། ཉེ་ཆར་ལོ་ངོ་བཅུ་གསུམ་རིང་དཀའ་སྡུག་མྱངས་རྗེས་བཙོན་ཁང་ནང་གློ་བུར་དུ་དོགས་གཞིའི་འོག་སྐུ་གཤེགས་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཞི་རྒོལ་གནང་འདུག
ལས་འགུལ་དེའི་ནང་སུད་སི་དང་ལེཀ་ཊེན་སི་ཊེན་ཁུལ་བཅས་ནས་ཚོགས་སྐྱིད་ཁག་ ༢༥ ནས་ཚོགས་མིས་མཉམ་ཞུགས་གནང་འདུག་པ་དང་། དེ་ཡང་ས་གནས་འཐུས་ཚོགས། ས་གནས་བུད་མེད། ཡུ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས། སུད་བོད་མཛའ་འབྲེལ་ཚོགས་པ། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་བཅས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག གཞན་ཡང་སྐབས་དེར་ཞི་རྒོལ་གནང་མཁན་ཚོས་ཉེ་ལམ་ཆབ་སྲིད་བཙོན་པ་བློ་བཟང་ཡེ་ཤེས་ལགས་ཀྱང་བཙོན་ཁང་ནས་གློད་བཀྲོལ་བཏང་རྗེས་ལྷ་སའི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་བ་བཅས་ལ་ངོ་རྒོལ་རྔམ་སྟོན་ཤུགས་ཆེ་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་སྦྲགས། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱང་ངན་གུས་བཏུད་ཀྱི་ངག་བཅད་སྐར་མ་གཅིག་རིང་གནང་། དེ་རྗེས་སུ་སི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཉིང་བུ་ལགས་ཀྱི་ངོ་སྤྲོད་གསུང་བཤད་གནང་དོན། ཉེ་ལམ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་ནང་གློ་བུར་དུ་སྐུ་གཤེགས་པ་སོགས་ཀྱི་གནས་ཚུལ་ཐབས་སྡུག་གང་ཙམ་ཞིག་ཐོན་བཞིན་ཡོད་སྐོར་དང་། གནད་དོན་དེ་དག་གི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་དང་ཛ་དྲག་གིས་ཞུ་གཏུག་དང་དོན་རྐྱེན་དེ་དག་ལ་ཞིབ་འཇུག་མཐིལ་ཕྱིན་པ་གནང་དགོས་པའི་རེ་འདུན་ཞུས་འདུག དེ་རྗེས་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གསུང་དོན། ཉེ་ལམ་བོད་ནང་རྒྱ་ནག་གིས་བཙོན་པའི་གནས་སྟངས་ཐད་ཐབས་སྡུག་དེའི་རིགས་ཡོང་བཞིན་པའི་སྐབས་འདིར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་གནས་ཚུལ་དེ་ཡང་གང་འདྲ་ཞིག་ཆགས་ཡོང་སྙམ་པའི་སེམས་ནང་བློ་འཚབ་ཧ་ཅང་ཡོང་བཞིན་འདུག རྒྱ་ནག་གིས་བོད་མི་ཚོར་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་ཅེས་གསུངས་པ་དང་སྦྲགས། རྒྱལ་སྤྱི་འགྲོ་བ་མིའི་ཐོབ་ཐང་དང་། ཕྱི་སྲིད་ལྷན་ཁང་ཁག་གི་མི་སྣ། དེ་བཞིན་རྒྱལ་ཁབ་འདྲ་མིན་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་གསར་འགོད་པ་ཚོར་ཞུ་སྐུལ་དོན་ཚན་བཞི་བརྗོད་རྒྱུ་ཡོད་པ་ནི།
༡) སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གློ་བུར་དུ་སྐུ་གཤེགས་པའི་དོན་རྐྱེན་དེར་རང་དབང་ཐོག་ནས་ཛ་དྲག་གི་ཞིབ་འཇུག་བྱེད་དགོས་པ་མ་ཟད། དམ་པ་ཁོང་གི་ནང་མི་སྤུན་མཆེད་ཚོས་རིན་པོ་ཆེ་མཆོག་སྨན་ཁང་དུ་བརྟག་དཔྱད་ཆེད་སྙན་ཞུ་བརྒྱབ་ཡོད་ཀྱང་དེར་རྩིས་མེད་རྡོག་རོལ་གཏོང་དགོས་པའི་རྒྱུ་མཚན་གསལ་བཤད་དགོས་པ།
༢)མནར་གཅོད་འགོག་ཐབས་དང་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་དམིགས་བསལ་མཁས་ལས་མི་སྣས་བོད་ནང་དངོས་སུ་ཕེབས་ནས་རིན་པོ་ཆེ་མཆོག་གི་གནད་དོན་ལ་རང་དབང་ཐོག་ཞིབ་རྩད་བྱེད་འཇུག་དགོས་པ།
༣)ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གང་དུ་ཡོད་མེད་རྒྱ་ནག་གཞུང་གིས་གསལ་བཤད་བྱ་དགོས་པའི་གནོན་ཤུགས་སྤྲོད་དགོས་པ།
༤)རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱལ་སྤྱིའི་བསྐྱར་ཞིབ་གནང་སྐབས་རྒྱ་ནག་གཞུང་གིས་ཁས་ལེན་བྱས་པ་ལྟར། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པས་བོད་དང་རྒྱ་ནག་ནང་དུ་ཛ་དྲག་གི་ལས་འགུལ་སྤེལ་བའི་ཆ་ཤས་དེ་གོ་སྐབས་དམ་འཛིན་གནང་ནས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་ལ་ངེས་པར་དུ་རྟོག་ཞིབ་གནང་དགོས་པ།
དེ་རྗེས་ཇི་ནི་ཝའི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་རེ་ནི་ལོང་གེ་ཊི་མཆོག་དང་། ཡུ་རོབ་བོད་ཀྱི་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས། སུ་སི་བོད་རིགས་གྲོགས་པོ་མཐུན་ཚོགས་དང་། དེ་བཞིན་སུ་སི་བུད་མེད་ཚོགས་པའི་སྐུ་ཚབ་བཅས་ཀྱིས་རིམ་པས་གསུང་བཤད་གནང་། དེ་བཞིན་རི་ཀོན་ཆོས་འཁོར་གླིང་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་གཤེགས་པར་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཞིག་ཀྱང་ཚོགས་ཡོད་འདུག་པ་བཅས། །