ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༤ ཉིན་རྡ་སྟེང་བོད་ཁྱིམ་གྱི་ཞི་བདེ་གླེང་མོལ་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་། ནང་བསྟན་སྨན་གླིང་ཁང་ཐུན་མོང་གིས་གོ་སྒྲིག་འོག་རྡ་སྟེང་བོད་ཁྱིམ་དང་། སམ་བྷོ་ཊ་སློབ་གྲྭ། མ་སུ་རི་བོད་ཁྱིམ་བཅས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་མཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༤ ནས་ ༢༧ བར་ཉིན་གྲངས་བཞིའི་རིང་ལུས་སྦྱོང་དང་། རྩ་རླུང་སྒོམ་སྒྲུབ། ཟླ་བ་ཉ་གང་གི་ཉིན་མོར་བོད་ཀྱི་རྩ་རླུང་རྐང་མགྱོགས་བཅས་སློབ་ཁྲིད་གནང་རྒྱུའི་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ལགས། འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཟུང་དྲུང་མཐུ་སྟོབས་རྣམ་རྒྱལ་ལགས། ནང་བསྟན་སྨན་གླིང་ཁང་གི་འགན་འཛིན་དགེ་བཤེས་ནོར་བཟང་ལགས། གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན། འབྲེལ་ཡོད་ལས་བྱེད། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༤༠ ཙམ་འདུ་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་གཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་བསྟུན་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་ཟབ་སྦྱོང་ལས་རིམ་ངོ་སྤྲོད་དང་ནང་བསྟན་སྨན་གླིང་ཁང་གི་འགན་འཛིན་གྱིས་གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ལགས་ཀྱི་ལོ་རྒྱུས་སྒྲོགས་སྦྱང་། གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ལགས་ཀྱིས་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། ད་རེས་འཕྲོད་བསྟེན་ལས་ཁུངས་ངོས་ནས་དེ་སྔ་དང་མི་འདྲ་བའི་དམིགས་བསལ་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད། འཕྲོད་བསྟེན་ལས་ཁུངས་དང་། ནང་བསྟན་སྨན་གླིང་ཁང་ནས་བོད་མིའི་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་ཁག་གཅིག་ལ་ལུས་སྦྱོང་དང་། རྩ་རླུང་སྒོམ་སྒྲུབ་སྐོར་ཟབ་སྦྱོང་གནང་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པར་བརྟེན་ནང་བསྟན་སྨན་གླིང་ཁང་དང་གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ལགས་སུ་ངས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཟབ་སྦྱོང་འདི་བཞིན་ལོ་ལྟར་གནང་ཐུབ་པའི་རེ་བ་ཞུ་བཞིན་ཡོད་པ་མ་ཟད། རྡ་ས་ཙམ་མིན་པར་ས་གནས་ཁག་དང་བཙན་བྱོལ་བོད་མིའི་སློབ་གྲྭ་གཞན་ལའང་ཟབ་སྦྱོང་གོ་སྒྲིག་ཞུ་ཐུབ་པའི་རེ་བ་ཞུ་བཞིན་ཡོད། ང་རང་ཕྱི་ལུགས་ཀྱི་སྨན་པ་ཞིག་ཡིན་པའི་ཆ་ནས་ལུས་སྦྱོང་ཐོག་དེ་ཙམ་ཤེས་ཀྱི་མེད།
སྤྱིར་ཕྱི་ལུགས་ཀྱི་སྨན་ཐོག་ནས་བཤད་པ་ཡིན་ན་སྔོན་འགོག་དེ་ཧ་ཅང་གལ་ཆེན་པོ་བརྩི་བཞིན་ཡོད། ཕྱི་ལོ་ ༡༩༨༡ ལོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་འགོ་བཙུགས་པ་ནས་བཟུང་འཕྲོད་བསྟེན་དང་འབྲེལ་བའི་བྱེད་སྒོ་ལངས་ཕྱོགས་གཙོ་བོ་ནི། སྔོན་འགོག་རང་ཆགས་ཀྱི་འདུག ང་ཚོའི་ངོས་ནས་སྔོན་འགོག་དང་འབྲེལ་བའི་ལས་གཞི་མང་དག་ཅིག་སྤེལ་བཞིན་ཡོད། དཔེར་ན། མ་དང་བྱིས་པའི་འཕྲོད་བསྟེན་ལས་གཞིའི་འོག་བུད་མེད་སྦྲུམ་མ་རྣམས་ཁོག་པའི་ནང་ཕྲུ་གུ་ཆགས་པ་ནས་བཟུང་མ་འོངས་པར་ཕྲུ་གུ་བཙའ་སྐབས་ཕྲུ་གུ་དེ་འཕྲོད་བསྟེན་དང་ལྡན་པ་ཇི་ལྟར་ཡོང་གི་ཡོད་པ་དེའི་ཐོག་རིན་མེད་སྔོན་འགོག་ལས་གཞི་སྤེལ་མུས་ཡིན། དེ་བཞིན་ཀྲི་སྦི་ནད་གཞི་སྔོན་འགོག་དང་འབྲེལ་བའི་སློབ་གྲྭ་ཁག་དང་དགོན་སྡེ་ཁག་གི་ནང་འགྲོ་གྲོན་མང་པོ་བཏང་ནས་ལོ་ལྟར་ཀྲི་སྦི་ནད་གཞི་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་སྙན་ཐོ་གཞི་བཟུང་ལྟར་ན། འཛམ་གླིང་ནང་ནད་གཞི་སྟོང་ཕྲག་མང་པོ་ཡོད་པའི་ནང་ནས་ནད་རིགས་བརྒྱ་ཆ་ ༨༠ ལྷག་སྔོན་འགོག་བྱེད་ཐུབ་ཀྱི་ཡོད། དེ་ཡང་ནད་པ་བརྒྱ་ཆ་ ༦༠ ཙམ་ནད་གཞི་སྔོན་འགོག་བྱེད་རྒྱུ་ཡོད་པ་ཁག་ན་ནས་འདས་གྲོངས་སུ་གྱུར་གྱི་ཡོད་འདུག ནམ་རྒྱུན་སྔོན་འགོག་ཟེར་དུས་འགོ་ནད་རིགས་ཁོ་ནར་བསམས་ཀྱི་འདུག འཛམ་གླིང་འདིའི་ནང་ནད་གཞི་མང་པོ་ཞིག་སོ་སོའི་ཟས་སྤྱོད་དང་འབྲེལ་ནས་དཀའ་ངལ་མང་དག་ཡོང་རྒྱུའི་ཉེན་ཁ་མཐོང་གི་འདུག
ཕྱོགས་གཅིག་ནས་འཛམ་གླིང་ནང་དཔལ་འབྱོར་ཡར་རྒྱས་གང་ཙམ་འགྲོ་གི་ཡོད་པ་བཞིན། དེང་དུས་ཀྱི་འཕྲུལ་ཆས་ཡར་རྒྱས་ཕྱིན་ཏེ་སྨན་གྱི་ཐོག་ཡར་རྒྱས་གང་ཙམ་ཡོང་གི་ཡོད་སྟབས། མིའི་མི་ཚེའང་གང་ཙམ་རིང་དུ་འགྲོ་གི་ཡོད། ད་རེས་ལུས་སྦྱོང་བརྒྱུད་ནས་ནད་གཞི་མང་པོ་ཞིག་སྔོན་འགོག་བྱེད་རྒྱུར་ཏན་ཏན་ཐུགས་ཕན་གསོ་གི་རེད་བསམ་གྱི་འདུག ཅེས་སོགས་གྱི་གསུང་བཤད་གནང་། མཐར་ཟུང་དྲུང་མཐུ་སྟོབས་རྣམ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་ཡོད་པ་བཅས།།