ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༥ ཉིན་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ (Tibetan Entrepreneurship Development) ཚན་པས་གོ་སྒྲིག་འོག་ཚོང་ལས་འཆར་སྒྲིག་གི་བྱ་དགའ་དང་མ་དངུལ་ས་བོན་གནང་རྒྱུའི་མཛད་སྒོ་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་གཙོས་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས། འདེམས་ཐོན་ན་གཞོན་ཚོང་པ་རྣམ་པ། གསར་འགོད་པ། དཔལ་འབྱོར་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བཅས་ཚང་འཛོམས་ཀྱིས་ཐོག་མར། དཔལ་འབྱོར་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པས་མཐུན་འགྱུར་འོག་བོད་པའི་སྤྱི་ཚོགས་ནང་ཡར་ཐོན་ཚོང་པའམ་རིག་གསར་ཚོང་ལས་ཐོག་དོ་དབྱིངས་ཡོད་མཁན་གཞོན་སྐྱེས་བདུན་འདེམས་སྒྲུག་གིས་ཟབ་སྦྱོང་གནང་ནས་སྔོན་འགྲོའི་ལས་རིམ་ཁག་གྲུབ་ནས་ཁ་སང་སོ་སོའི་ཚོང་ལས་འཆར་སྒྲིག་གང་ཡོད་པ་རྣམས་དཔལ་འབྱོར་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཁས་ལས་པ་བདུན་གྱིས་གཟིགས་འབུལ་དང་། བགྲོ་གླེང་གནང་རྒྱུ་བྱུང་བ་རེད། ལས་རིམ་འདིའི་འོག་སྔོན་ལ་ལས་འཆར་གྲ་སྒྲིག་གནང་བ་བཞིན། གཞོན་སྐྱེས་གསུམ་ལ་བྱ་དགའ་གསོལ་རས་གནང་རྒྱུ་དང་དེ་འཕྲོ་ཚང་མར་ཚོང་ལས་འགོ་འཛུགས་ཀྱི་ས་བོན་ཚུལ་དུ་མ་དངུལ་གསོལ་རས་གནང་རྒྱུའི་མཛད་སྒོ་སྟབས་བདེ་ཞིག་དེ་རིང་གོ་སྒྲིག་བྱས་ཏེ་ཚོགས་ཡོད།
ལས་རིམ་འདིའི་རྒྱབ་ལྗོངས་སྙིང་བསྡུ་ཞིག་ཞུས་པ་ཡིན་ན། ང་རང་ཚོ་བོད་མིའི་སྤྱི་ཚོགས་འདི་ནུས་པ་ལྡན་པ་ཞིག་ཡོང་བ་ལ་དཔལ་འབྱོར་གྱི་རྒྱབ་རྟེན་མེད་དུ་མི་རུང་བ་ཞིག་ཆགས་ཡོད། བོད་ནང་དུས་འགྱུར་བྱུང་སྟེ་དུས་ད་ལྟ་བར་དུ་མང་ཚོགས་ནང་དཔལ་འབྱོར་གྱི་གནས་བབ་མང་པོ་ཞིག་ཕྱིའི་རོགས་རམ་ལ་བརྟེན་ནས་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེན་པོ་ཡོད་པ་དང་། དེའི་ཐོག་ནས་མང་པོ་ཞིག་ལ་བློ་འཚབ་ཡོང་རྒྱུ་ཞིག་ནི་མ་འོངས་པར་བོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་བབ་དེ་རང་ཚུགས་ཐུབ་པ་ཞིག་ཡོང་མི་ཡོང་སྐོར་དགོངས་པ་གཏིང་ཟབ་པོ་བཞེས་ཀྱི་ཡོད། དེར་བརྟེན་དེའི་ཐོག་ཐབས་ལམ་གང་ཡོད་པ་དེའི་སྐོར་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དེ་བཞིན་བཀའ་ཤག་ནང་བཀའ་བསྡུར་མང་པོ་བྱུང་།
བོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་བབ་རང་ཚུགས་ཐུབ་པ་ཡོང་བར་སྤྱི་ཚོགས་ནང་ཡར་ཐོན་ཅན་གྱི་ཚོང་པ་ཟེར་ན་རེད། རིག་གསར་གི་ཚོང་པ་ཟེར་ན་རེད། གཞོན་སྐྱེས་གང་མང་སྐྱེད་སྲིང་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་གཟིགས་པ་ཡོད། ལར་ནས་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་གཞི་མ་མང་ཚོགས་ཀྱི་དཔལ་འབྱོར་གནས་བབ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་བབ་ཡིན་ནའང་རེད། མང་པོ་ཞིག་གིས་གཞི་རྟེན་ས་དེ་རིག་གསར་དང་ཡར་ཐོན་ཅན་གྱི་ཚོང་པས་བྱ་གཞག་ལ་བརྟེན་ནས་ཡོང་གི་ཡོད། དེར་བརྟེན་ང་ཚོའི་སྤྱི་ཚོགས་ནང་ལའང་དེ་འདྲ་ཞིག་དགོས་ཀྱི་འདུག ཅེས་དཔལ་ལྡན་སྲིད་སྐྱོང་དང་བཀའ་ཤག་གིས་དགོངས་གཞི་ཡོད་པ་ནང་བཞིན་བྱས་ཏེ་ང་ཚོའི་ངོས་ནས་དཔལ་འབྱོར་ལས་ཁུངས་ནང་བོད་མིའི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞིའི་སྡེ་ཚན་ཞིག་ཟུར་དུ་འཛུགས་ཐུབ་པ་ཡིན་ན་ཡང་པོ་ཡོང་ངེས་རེད་ཅེས་བཀའ་སློབ་ལམ་སྟོན་ཕེབས་པ་བཞིན། ལོ་ཤས་སྔོན་ནས་འཛུགས་རྒྱུའི་འབད་བརྩོན་ཞུས་པ་རེད། འོན་ཀྱང་ཕྱག་ལས་གནང་མཁན་མི་འགྲོ་དུས་ཐོག་ཐོབ་མ་ཐོབ་དབང་གི་དུས་ཚོད་ཕྲན་བུ་འགོར་བ་རེད། ཕྱི་ལོ་ ༢༠༡༤ ལོ་ནས་མི་འགྲོ་རག་སྟེ་ལས་དོན་འགོ་བཙུགས་ཐུབ་པ་མ་ཟད། བོད་མིའི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པས་མ་འོངས་པར་ལས་དོན་འཆར་གཞི་བཀོད་སྟངས་དང་། ལས་དོན་གང་དང་གང་བྱས་དགོས་པ་དེ་ཚོའི་ཐོག་ལ་རགས་བསྡུས་ཤིག་ཐུགས་གཏན་འཁེལ་ཏེ་ལས་བྱེད་ཆེད་མངགས་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་ཕེབས་ནས་ལས་གཞི་ངོ་སྤྲོད་དང་། མ་འོངས་པར་བོད་པའི་སྤྱི་ཚོགས་ནང་གཞོན་སྐྱེས་རིག་གསར་ཚོང་ལས་ཐོག་དོ་དབྱིངས་དང་། ཆོད་སེམས་ཡོད་མཁན་ཡོད་པ་ཡིན་ན། དཔལ་འབྱོར་ལས་ཁུངས་ལ་འབྲེལ་བ་བྱེད་དགོས་པའི་ངོ་སྤྲོད་ཀྱི་ལས་རིམ་སྤེལ་བ་རེད། ལས་རིམ་དེའི་ཐོག་ནས་སྙན་ཞུ་རྒྱབ་མཁན་ཕལ་ཆེར་ཉི་ཤུ་རྩ་ལྔ་རྩ་དྲུག་བྱུང་བ་རེད། དེའི་ནང་ནས་ཆ་ལག་ཚང་བའི་སྙན་ཞུ་ཉི་ཤུ་རྩ་གསུམ་བྱུང་འདུག སྐབས་དེའི་དཔལ་འབྱོར་གནས་སྟངས་དང་ཆ་རྐྱེན་གྱི་གནས་བབས་ལ་བལྟས་ནས་མི་འགྲོ་བདུན་བདམས་པ་རེད། དེའི་ཁོངས་ནས་གསུམ་ནོ་ཡེ་ཌ་ནང་ཡོད་པའི་ཇེ་ཨེས་ཨེས་ (JSS –STEP Noida)དང་། གསུམ་སོ་ནི་པཏ་ནང་རྟེན་གཞི་བྱས་པའི་ཇེ་ཇི་ཡུ་བསྟི་གནས་ཁང་།( JGU Institute Sonipat)། གཅིག་མེ་སོར་ནང་ཡོད་པའི་ཇེ་ཨེས་ཨེས་བསྟི་གནས་ཁང་(JSS institute Mysore) བཅས་སྐྱེད་སྲིང་ཚོགས་པ་ཁག་གསུམ་གྱི་ནང་སྦྱོང་བརྡར་གནང་སྟེ་ད་ཆ་ལས་དོན་དངོས་སུ་ཞུགས་རྒྱུའི་དུས་ལ་སླེབ་ཡོད།
ངས་གོང་དུ་ཞུས་པ་བཞིན་ལས་རིམ་འདིའི་ནང་སྙན་ཞུ་ཕུལ་མཁན་གསུམ་དྲག་འདེམས་བྱས་ནས་བྱ་དགའ་འབུལ་རྒྱུ་སྔོན་མ་ནས་ལས་རིམ་གཏན་འབེབས་ཟིན་པར་བརྟེན་ཕྱི་ཚེས་ ༢༣ ཉིན་མཁས་ལས་པ་གསུམ་ཆེད་མངགས་གདན་ཞུས་པའི་ཁོངས་ནས་ཨ་རི་ནས་བསྟན་འཛིན་སྐྱིད་འཛོམས་ལགས་དང་། མུམ་བྷེ་ནས་Subit Saurav ལྡི་ལི་ནས་བསོད་ནམས་སྟོབས་རྒྱལ་ལགས་བཅས་གདན་ཞུས་ཏེ་ཆོང་ལས་འཆར་སྒྲིག་གཟིགས་འབུལ་དང་བགྲོ་གླེང་བྱུང་བ་རེད། ང་ཚོ་ཟུར་ཉན་པ་རེད། ཁོང་ཚོ་བདུན་ཀར་གྱིས་འཆར་གཞི་ཧ་ཅང་ཡག་པོ་བཀོད་འདུག ང་ཚོ་བལྟས་པའི་སྐབས་སུ་སེམས་ཤུགས་འཕར་བ་དང་སྤོབས་པ་སྐྱེ་རྒྱུ་ལྟ་བུ་དེ་འདྲ་བྱུང་། འོན་ཀྱང་ཚང་མ་ལ་བྱ་དགའ་འབུལ་རྒྱུ་མེད་པ་འགྲོ་སྟངས་ལྟ་བུ་རེད། ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་བྱ་དགའ་འབུལ་རྒྱུ་བྱུང་བ་རེད་དེ། དོན་དངོས་ཐོག་ནས་ཚང་མས་ཧ་ཅང་ཡག་པོ་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོང་ལས་འཆར་གཞི་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་ཁོངས་ནས་དྲག་འདེགས་གནང་བའི་གཞོན་སྐྱེས་ཚོང་པ་བདུན་ལ་ཁ་བཏགས་རེ་དང་མ་དངུལ་ཧིན་སྒོར་འབུམ་གཉིས་རེ་གནང་། (འབུམ་གཉིས་ནང་ནས་འབུམ་གཅིག་སྐྱེད་མེད་བུ་ལོན་ཡིན་འདུག)གཞན་ཡང་གཞོན་སྐྱེས་ཚོང་པ་བདུན་ནང་ནས་ཚོང་ལས་འཆར་སྒྲིག་གང་ལེགས་བཀོད་མཁན་རྩེ་ཕུད་གསུམ་ལ་བྱ་དགའ་ཧིན་སྒོར་ ༡༥༠༠༠ དང་། ཨང་གཉིས་པར་ཧིན་སྒོར་ ༡༠༠༠༠ ཨང་གསུམ་པར་ཧིན་སྒོར་ ༥༠༠༠ བཅས་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དཔལ་ལྡན་ཕྱག་རོགས་དཔལ་འབྱོར་བཀའ་བློན་མཆོག་གིས་དབུས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་རྣམ་པ་གཉིས་དང་། དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་ལས་བྱེད་ཚང་མ་འདིར་འཛོམས་ཡོད། འདིའི་ནང་ནས་དམིགས་བསལ་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་རམ་འདེགས་ (MBA) ཐོན་པའི་ལས་བྱེད་ལྔ་ཡོད། ཐེངས་འདིའི་ལས་གཞི་འགོ་བཙུགས་པ་དེ་ཧ་ཅང་ཡག་པོ་བྱུང་འདུག དཔལ་འབྱོར་བཀའ་བློན་གྱིས་དབུས་ཚོང་ལས་རམ་འདེགས་ཚན་པའི་འགན་འཛིན་མཁྱེན་རབ་ལགས་ཀྱིས་གཙོས་ཚང་མར་བསྔགས་བརྗོད་ཞུས་པ་དང་སྦྲགས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཐེངས་འདིའི་དཔལ་འབྱོར་ཚོང་ལས་རམ་འདེགས་ཀྱི་ལས་གཞིའི་ཁོངས་སུ་འགྲན་ཞུགས་གནང་མཁན་ཚོང་པ་བདུན་བྱུང་ཡོད། ཤོར་ཐོབ་ཀྱི་གནས་སྟངས་དེ་ཚོང་ལས་ནང་ཡོང་གི་རེད། འོན་ཀྱང་རྣམ་པ་ཚོ་འཚང་སྙན་ཕུལ་མཁན་ ༢༥ བྱུང་ཁོངས་ནས་བདུན་ནང་འདེམས་ཐོན་བྱུང་བ་དེས་རྣམ་པ་ཚོའི་འཇོན་ཐང་དང་འབད་བརྩོན། འཆར་གཞི་སོགས་གང་ཅིའི་ཐད་ནས་ཧ་ཅང་གི་ཡག་པོ་ཡོད་པ་ངོས་འཛིན་པའི་ཐོག་ནས་འདེམས་སྒྲུག་གནང་བ་ཞིག་ཡིན། ང་ཚོའི་གདན་ཞུ་བྱས་པའི་དཔྱད་འདེམས་པ་སོ་རོཕ་ལགས་དང་། བསོད་སྟོབས་ལགས། སྐྱིད་འཛོམས་ལགས་གསུམ་པོ་ཆེད་ལས་པ་ཡིན་སྟབས། ཁོང་རྣམ་པས་གཙོ་ཆེ་ཤོས་རྣམ་པ་ཚོའི་འཆར་གཞི་དང་འཕྲལ་ཕུགས་རྒྱང་གསུམ་ལ་ཚོང་ཇི་ལྟར་རྒྱག་དགོས་ཡོད་མེད། འཆར་གཞི་གདིང་སྟངས། ད་ལྟའི་ཆར་ཚོང་རྒྱག་སྐབས་ཚོང་གི་གྲུབ་འབྲས་སུར་ལེགས་པ་ཡོད་མེད་སོགས་ལ་གཟིགས་པའི་ཐོག་ནས་འདེམས་སྒྲུབ་གནང་བ་ཞིག་རེད། ད་ལྟ་རྣམ་པ་ཚོར་འབུམ་གཉིས་རེ་ཡོད་ཀྱང་མ་འོངས་པར་རྣམ་པ་ཚོ་(Venture Investors) ཡིག་ངག་རྒྱུགས་སྐབས་ས་ཡ་ཉི་ཤུ་དང་ས་ཡ་ཉིས་བརྒྱ་ཅན་གྱི་ཚོང་གི་འཆར་གཞི་ཞུས་སྐབས་སུ་ཞིག་ལ་གསོལ་རས་ཆེ་ཤོས་རག་གི་ཡོད་མེད་བརྗོད་དཀའ་བ་ཡིན། ད་ལྟ་འགོ་བཙུགས་པའི་ཚོང་དེ་མ་འོངས་པར་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་བཤད་ཚོད་ཐུབ་ཀྱི་མ་རེད། རྣམ་པ་ཚོ་ཚང་མར་བྱ་བ་ལམ་ལྷོང་ལྡན་པ་དང་། འཆར་གཞི་དེ་དག་ཀྱང་ལག་བསྟར་དོན་འཁྱོལ་ཡོང་བའི་རེ་བ་ཞུ་གི་ཡོད། དེར་དཔལ་འབྱོར་ལས་ཁུངས་ལ་རྒྱུ་མཚན་ཞིག་ཡོད་པ་དེ་ནི། རྣམ་པ་ཚོས་ཚོང་བརྒྱབ་སྟེ་དེའི་ཁེ་འབབ་ཇི་བྱུང་གི་བརྒྱ་ཆ་གཏན་འབེབས་ཤིག་དཔལ་འབྱོར་ལས་ཁུངས་སུ་ཞལ་འདེབས་ཕུལ་དགོས་ཡོད། འདི་ནི་ང་ཚོ་གཉིས་སྨན་གྱི་འཆར་གཞི་ཡིན་སྟབས། དཔལ་འབྱོར་ལས་ཁུངས་ནས་རྣམ་པ་ཚོ་བྱ་བ་ལམ་ལྷོང་ཧ་ཅང་ཡག་པོ་ཡོང་བའི་རེ་བ་བྱས་པ་མ་ཟད་འབད་བརྩོན་བྱེད་བཞིན་ཡོད། དེར་བརྟེན་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་རྣམ་པ་ཚོ་བྱ་བ་ལམ་ལྷོང་ཡོང་བར་ཤོག ཅེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།།