ཟླ་བ་ ༦ ཚེས ༡༠ ༢༠༡༥
   Posted in གསར་གནས།
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༠ རེས་གཟའ་ལྷག་པ།

DSC_0278༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དབུས་འོས་བསྡུ་ལས་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་ཏེ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་དབུ་བཞུགས་ཐོག་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་དང་། བསྟན་འཛིན་ཆོས་འཕེལ་ལགས། དྲུང་འཕར་ཚེ་རིང་སྟོབས་རྒྱལ་ལགས། དྲུང་གཞོན་བསྟན་འཛིན་ནོར་བུ་ལགས་བཅས་ཕེབས་ཏེ་ཕྱི་ནང་གི་གསར་འགོད་པ་ ༢༠ བརྒལ་བར་ལྷན་འཛོམས་ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལེའུ་ ༤ པ་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ། དོན་ཚན་ ༣༧ པ་བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་། གྲངས་ཚད། བཅའ་ཁྲིམས་དོན་ཚན་ ༣༧ པའི་དགོངས་དོན་བོད་ཀྱི་ས་ཁུལ་ཆོལ་ཁ་གསུམ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་དང་། དེའི་ནང་ཉུང་མཐར་བུད་མེད་གཉིས་རེ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ། བྱང་ཨ་རི་དང་། ལྷོ་ཨ་རི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས། ཡུ་རོབ་དང་། ཨ་ཕི་རི་ཀ་ཁུལ་བོད་མིའི་ཁོངས་ནས་སྤྱི་འཐུས་གཉིས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་། ཨོ་སེ་ཀྲོ་ལེ་ཤི་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་བཅས་བོད་མི་མང་སྤྱི་འཐུས་ཀྱི་རྩ་འབོར་ ༤༥ ངེས་པ་རེད།

འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༧, ༡༨, ༢༡, ༢༢ བཅས་ཀྱི་ནང་གསལ་ལྟར་འོས་འཕེན་པའི་མིང་གཞུང་དེབ་འགོད་བྱེད་ཕྱོགས་སོགས་ས་གནས་འོས་བསྡུའི་འགན་འཛིན་ཡོངས་ལ་སྒྲིག་གསལ་ལྟར་འོས་འཕེན་པའི་མིང་གཞུང་སྔོན་ཡོད་ཁག་གཞིར་བཟུང་དག་བཤེར་དང་། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༨ ཉིན་བོད་མི་རང་ལོ་ ༡༨ གསར་དུ་སོན་པ་དེབ་སྐྱེལ་བྱ་རྒྱུའི་ལས་དོན་འགོ་འཛུགས་དགོས་པའི་བཀོད་ཁྱབ་ཞུས་ཡོད། འོས་འཕེན་པའི་ཆ་རྐྱེན་མེད་ཐབས་མེད་པ་ནི་བཙན་བྱོལ་བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་ལྗང་ཁུ་དེ་ཡིན། དཔྱ་དངུལ་འབུལ་ཆད་མེད་པ་དང་། ས་གནས་སོ་སོར་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་དགོས་པ། འོས་བསྡུའི་ཐོབ་ཐང་ལེན་པར་ས་གནས་གང་དུ་ཕེབས་ཀྱང་དཔྱ་ཁྲལ་ལག་དེབ་མཉམ་འཁྱེར་དགོས་པ་གནད་ཀྱི་སྙིང་པོ་ཡིན།

ཕྱི་ལོ་ ༢༠༡༥་་༢༠༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༨ རེས་གཟའ་ཉི་མ་དང། དངོས་གཞི་འོས་བསྡུ་ཆེན་མོ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༠ རེས་གཟའ་ཉི་མ་བཅས་སོ་སོར་བོད་མིའི་འདུ་སྡོད་ཡོངས་སུ་ཉིན་རྒྱ་དུས་གཅིག་ཏུ་བྱ་རྒྱུའི་དུས་ཚེས་གཏན་ཁེལ་ཟིན་པ་ཡིན།

འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ནང་གསེས་ ༨ པ་བསྐྱར་བཅོས་གསར་འཇུག་ནང་གསལ་འབྲེལ་ཡོད་ནས་ཉམས་ལེན་འགན་སྲུང་ཞུ་སྒོ་རྣམས་སྒྲིག་གསལ་འཕྱུག་མེད་དམ་འཛིན་ཞུ་དགོས་པ་དང་། ནང་གསེས་ ༩ པ། སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་གཞིར་ཞུགས་མི་དང་། དེའི་རྒྱབ་སྐྱོར་བས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཚད་གཞི་གཏན་འབེབས་དང་། རྩིས་ཁྲ་འབུལ་ཕྱོགས། དྲིལ་བསྒྲགས་བྱེད་ཕྱོགས་བཅས་ཀྱི་ལམ་སྟོན་ཁ་གསལ་བྱེད་དགོས་ཞེས་གསལ་བ་ལྟར་དོན་ཚན་དགུ་ཅན་ཟུར་གསལ་གཏན་འབེབས་ཞུས་ཡོད།

༦། བོད་མིའི་འདུ་སྡོད་ས་གནས་ཁག་ཏུ་འོས་བསྡུའི་ལས་དོན་རྣམས་སྒྲིག་མཐུན་ཚགས་ཚུད་ཡོང་ཐབས་སུ་ས་གནས་འོས་བསྡུའི་འགན་འཛིན་དང་། ཚོགས་མི་བཅས་ཚོགས་བཅར་བ་གྲངས་དགུ་བཅུ་གོ་གྲངས་སྐོར་ལ་འོས་བསྡུ་དང་འབྲེལ་བའི་ཟབ་སྦྱོང་ཞིག་རིང་མིན་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༧ པའི་ཟླ་མཇུག་ཙམ་དུ་རྡ་ས་དབུས་སྣེ་ལེན་ཁང་དུ་གོ་སྒྲིག་ཞུ་རྒྱུ་ཡིན་པ་བཅས་ཀྱི་གསལ་བསྒྲགས་བསྐྱངས།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ནང་གསེས་ ༩ པ་“སྲིད་སྐྱོང་དང། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་གཞིར་ཞུགས་མི་དང་། དེའི་རྒྱབ་སྐྱོར་བས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཚད་གཞི་གཏན་འབེབས་དང་། རྩིས་ཁྲ་འབུལ་ཕྱོགས། དྲིལ་བསྒྲགས་བྱེད་ཕྱོགས་བཅས་ཀྱི་ལམ་སྟོན་ཁ་གསལ་བྱེད་དགོས།” ཞེས་གསལ་བའི་འབྲུ་དོན་འོག

༡། སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མི་དང་། དེའི་ཕྱོགས་གཏོགས་ཀྱིས་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དྲིལ་བསྒྲགས་བྱ་ཡུལ་གསར་ཤོག་ཁག་ནང་བསམ་ཚུལ་དཔར་འགྲེམས་བྱེད་རྒྱུ་དང་། སྦྱར་ཡིག་འདྲ་མིན་བཟོ་རྒྱུ། དེབ་ཆུང་དང་སྒྲ་འཛིན་འཁོར་ཐག་བཟོ་རྒྱུ། མི་མང་འདུ་འཛོམས་སྐབས་སོ་སོའི་བསམ་ཚུལ་གཏམ་བཤད་བྱ་རྒྱུ། དྲྭ་རྒྱ། སྤྱི་ཚོགས་དྲྭ་ལམ་སོགས་བརྒྱུད་གསལ་བསྒྲགས་སྤེལ་རྒྱུ་བཅས་འོས་གཞིར་ཞུགས་མི་སོ་སོའི་དྲིལ་བསྒྲགས་ཐོག་དངུལ་གྲོན་གཏོང་རྒྱུའི་ཚད་གཞི། སྲིད་སྐྱོང་ལ་ཧིན་སྒོར་ ༨༠༠,༠༠༠།༠༠ (བརྒྱད་འབུམ་ཐམ་པ།) སྤྱི་འཐུས་བྱེ་བྲག་པ་ལ་ཧིན་སྒོར་ ༣༠༠,༠༠༠།༠༠ (གསུམ་འབུམ་ཐམ་པ།) ལས་མ་བརྒལ་བ་གཏོང་ཆོག་ཀྱང་། འགྲོ་གྲོན་གཏོང་རྒྱུའི་དངུལ་འབོར་ཁྲིམས་མཐུན་ཡིན་དགོས།

༢། གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་ཁག་ཕུད་སྤྱི་སྒེར་སུ་ཐད་ནས་སྲིད་སྐྱོང་ངམ་སྤྱི་འཐུས་འོས་གཞིའི་སྐྱེ་བོ་དེའི་ཡིག་ཐོག་ཆོག་མཆན་མེད་པར་ས་གནས་གང་དུ་ཡང་རྒྱབ་གཉེར་གསལ་བསྒྲགས་དང་དེ་འབྲེལ་འགྲོ་སོང་གཏོང་མི་ཆོག ཆོག་མཆན་ཡོད་པའི་འགྲོ་སོང་ཁག་འོས་གཞིར་ཡོད་པའི་སྐྱེ་བོ་དེའི་འོས་བསྡུ་དང་འབྲེལ་བའི་འགྲོ་གྲོན་རྩིས་ཁྲའི་ཁོངས་སུ་བརྩི་དགོས།

༣། འོས་གཞིའི་སྐྱེ་བོ་སོ་སོའི་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་བྱུང་སོང་རྩིས་ཁྲ་མཐའ་དག་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གོང་འོས་མི་ཡོང་ཁུངས་སོ་སོའི་ས་གནས་འོས་བསྡུ་ལས་ཁང་དུ་འབུལ་དགོས།

༤། སྲིད་སྐྱོང་ངམ། སྤྱི་འཐུས་སུ་འོས་པའི་མི་འགྲོ་དམིགས་འཛུགས་ཀྱིས་རྒྱབ་གཉེར་གསལ་བསྒྲགས་ཡིག་ཆ་དང་། ལྟེབ་ཤོག་འགྲེམས་སྤེལ། གྱང་སྦྱོར་པར་རིས་གསལ་བསྒྲགས་སོགས་ཀྱི་ནང་འགྲེམས་སྤེལ་དང་དཔར་སྐྲུན་བྱེད་མཁན་གཉིས་ཀྱི་མིང་བྱང་ངེས་གསལ་དགོས་རྒྱུ།

༥། འོས་གཞིར་ཞུགས་མཁན་སུ་ཐད་ནས་ཀྱང་སྐབས་དོན་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དྲིལ་བསྒྲགས་ཡིག་ཆའི་ཐོག་༸གོང་ས་མཆོག་གི་སྐུ་པར་དང། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། དེ་བཞིན་མཚོན་རྟགས་ཚུལ་དུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་བོད་ཀྱི་ས་བཀྲ་སོགས་གང་དུ་ཡང་བེད་སྤྱོད་མི་ཆོག

༦། སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་མིར་ཞུགས་མཁན་དང་། དེའི་ཕྱོགས་གཏོགས་བྱེད་མིའམ་རྒྱབ་སྐྱོར་བ་རྣམས་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཆེན་མོ་གཉིས་ཀར་བྱ་འཐུས་ཀྱང་། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ཆ་ཚང་ཚུལ་བཞིན་ཐུགས་སྣང་གིས་ཉམས་ལེན་མ་འཛོལ་བར་སྒྲིག་བསྲུང་དགོས། ལྷག་པར་ནང་གསེས་ ༧ པའི་ནང་“འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་རྒྱབ་གཉེར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས་” ཞེས་གསལ་བ་ལྟར་དང་། འོས་བླུགས་པའི་ཉིན་མོ་དེར་འོས་འཕེན་པར་བརྒྱུད་སྐུལ་ཤོག་རྫར་འགྲེམས་སྤེལ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་མི་ཆོག

༧། འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་སྒོ་ཁག་གནས་ཡུལ་རྒྱལ་ཁབ་སོ་སོའི་ཡུལ་ཁྲིམས་དང་མ་འགལ་བ་བྱེད་དགོས་ཐོག ཆབ་སྲིད་ཀྱི་གནས་སྟངས་དཀའ་ངལ་ཅན་གྱི་ས་ཁུལ་ཁག་ཏུ་འོས་གཞིར་ཞུགས་མཁན་མི་འགྲོའི་འདྲ་པར་དང་གསལ་བསྒྲགས་ཡིག་ཆ་སོགས་སྦྱོར་འགྲེམས་མི་ཆོག

༨། འོས་གཞིར་ཞུགས་མི་དང་། དེའི་ཕྱོགས་གཏོགས་བྱེད་མིའམ་རྒྱབ་སྐྱོར་བ་སུ་ཐད་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་སྤེལ་རྒྱུ་དང་། གསར་འགོད་གསལ་བསྒྲགས། དེ་བཞིན་གསལ་བསྒྲགས་ཡིག་འགྲེམས་སོགས་བྱ་དགོས་རིགས་ས་གནས་དེ་གའི་འོས་བསྡུ་ལས་ཁང་ལ་མཁྱེན་རྟོགས་སླད་སྙན་གསན་དགོས་རྒྱུ།

༩། གོང་གསལ་དོན་ཚན་གང་རུང་དང་འགལ་བ་དངོས་ར་འཕྲོད་པ་བྱུང་ཚེ་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༥ པའི་འབྲུ་དོན་འོག་འགལ་ཚབས་ལ་གཞིགས་ཏེ་སྒྲིག་དོན་ཉེས་ཆད་འགེལ་རྒྱུ་བཅས་ཀྱི་རྩ་འཛིན་ལམ་སྟོན་བཀོད་ཁྱབ་ཏུ། དབུས་འོས་བསྡུ་ལས་ཁང་ནས། ཞེས་སྒྲོགས་སྦྱང་གནང་གྲུབ་མཚམས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་སྟེ་གསར་འགོད་གསལ་བསྒྲགས་གྲོལ།།

Share with your friends










Submit