༢༠༡༥ ཟླ་ ༦ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རང་བཙན་འཐབ་རྩོད་པ་དང་མཐུན་རྐྱེན་སྦྱོར་སྤྲོད་ལས་གཞི་ཚན་པའི་ (FFR) འགན་འཛིན་དུ་བསྐོ་གཞག་གནང་བ་ཟུང་དྲུང་སྐུ་ཞབས་དི་ལིབ་ཀུམཱར་ Mr. Dilip Kumar མཆོག་དང་མཇལ་འཕྲད་ཞུས་འདུག དེ་ཡང་སྤྱིར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཨི་ཊ་ན་གར་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཟིན་ནའང་། ཕེབས་ཐོན་མ་གནང་གོང་ཟུང་དྲུང་མཆོག་དང་མཇལ་འཕྲད་ཞུས་འདུག རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རང་བཙན་འཐབ་རྩོད་པ་དང་མཐུན་རྐྱེན་སྦྱོར་སྤྲོད་ལས་གཞི་ཚན་པ་དེའི་འོག་རྒྱ་གར་ནང་དུ་སྐྱབས་བཅོལ་བ་རྣམས་ལ་རོགས་རམ་སོགས་ལས་གཞི་ལག་བསྟར་གནང་བཞིན་ཡོད་འདུག
དེར་བརྟེན་ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་ཟུང་དྲུང་མཆོག་དང་ལྷན་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་དང་འབྲེལ་བའི་སྐོར་བཀའ་མོལ་མང་དག་ཅིག་གནང་ཡོད། གཞན་ཡང་མཇལ་འཕྲད་སྐབས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་འཆི་མེད་རིག་འཛིན་ལགས་དང་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་སྐུ་ཞབས་པ་རི་ད་མཆོག་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་གཞོན་ཕུན་ཚོགས་ལགས་བཅས་ལྷན་བཅར་ཞུས་འདུག
སྤྱིར་དེ་ཉིན་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམ་པས་ཨི་སི་ར་ཡིལ་ཡུལ་ Israel གྱི་སོ་ནམ་ཁྱད་ལས་པ་དང་ལྷན་ལྡི་ལིར་རྟེན་གཞི་བྱས་པའི་ཨི་སི་ར་ཡིལ་གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད་རྣམས་དང་མཇལ་འཕྲད་གནང་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་ཡུལ་དེའི་སོ་ནམ་ལས་གཞི་ཚན་པའི་དབར་ཐུན་མོང་ཐོག་ལས་གཞི་ལག་བསྟར་གནང་བཞིན་པའི་སྐོར་གོ་བསྡུར་གནང་འདུག