༢༠༡༥ ཟླ་ ༦ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གྱ་སྟོན་གྱི་མཛད་སྒོ་ཉིན་གཉིས་པ་སྟེ་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༢ ཉིན་ཆེད་དུ་ཆིབས་སྒྱུར་བསྐྱངས་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། ཇོ་ནང་བཅས་ཀྱི་བླ་ཆེན་བསྟན་བདག་རྣམ་པ་དང་། སྐུ་ཚབ་རྣམ་པ་བཅས་ཀྱིས་༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་ལ་འཚམས་འདྲིའི་གསུང་བཤད་ཁག་སོ་སོར་གནང་བའི་ནང་། ཐོག་མར་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན།
ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། གངས་ཅན་བསྟན་འགྲོ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་མཚུངས་ཟླ་མ་མཆིས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་པ་སྔོན་དུ་འགྲོ་བའི་ཐོག་ནས་དེ་རིང་འདིར་ཕེབས་པའི་ཆོས་བརྒྱུད་རིས་སུ་མ་ཆད་པའི་བསྟན་བདག་བླ་ཆེན་རྣམ་པ་དང་། མཁན་པོ་བླ་སྤྲུལ། སྐྱབས་གནས་དགེ་འདུན་འདུས་པ་རྒྱ་མཚོ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་མི་རྗེ་སྲིད་སྐྱོང་མཆོག་གིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཕྱི་ནང་གི་སྐུ་མགྲོན་ཁག་དང་། མི་མང་རྣམ་པ་བཅས་ལ་ཞུ་རྒྱུར། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་ཧྲིལ་པོ་འཁོར་བའི་བསྐལ་བཟང་དགའ་སྟོན་མཛད་སྒོ་འདིའི་ཐོག། ངས་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་བཀྲ་ཤིས་པའི་སྨོན་ཚིག་སྔོན་དུ་བཏང་པ་དང་ཆབས་ཅིག མགོན་པོ་གང་ཉིད་མཆོག་གི་སྐུ་ཚེ་བསྐལ་བརྒྱར་ཞབས་པད་བརྟན་པའི་སྨོན་འདུན་ཞུ་རྒྱུ་དང་། མགོན་པོ་གང་ཉིད་ལ་སྙིང་ནས་མཛའ་ཞིང་བརྩེ་བའི་འཚམས་འདྲི་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་སྐུའི་གསང་བ་གསུམ་གྱི་མཛད་པ་འཕྲིན་ལས་གང་འདྲ་བསྐྱངས་མཛད་མིན་ནི་དེ་རིང་ཁ་སང་འཛམ་གླིང་འདིའི་ནང་ཉི་མ་དང་ཟླ་བ་ལྟ་བུ་ཡོངས་སུ་གྲགས་པ་ཞིག་ཡིན་པ་མ་ཟད། མཁས་པའི་དབང་པོ་མང་པོས་སྔ་རྗེས་སུ་ཅི་རིག་པ་གསུངས་ཚར་པ་ཞིག་ཡིན་དུས། ངས་འདིར་དམིགས་བསལ་ཞུ་རྒྱུ་མི་འདུག ཡིན་ནའང་ས་བཅད་མ་སྟོང་ཙམ་ཞིག་ཞུས་པ་ཡིན་ན། སྔོན་མ་ཁམས་ནས་ཕྱི་ལོ་ ༡༩༥༠ ནང་རྫོང་གསར་མཁྱེན་བརྩེ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་སོར་འཁོད་རྗེས། དེ་དུས་༸གོང་ས་༸སྐྱབས་མགོན་ཆེན་པོར་ཞབས་བརྟན་གསོལ་འདེབས་ཤིག་ལྗགས་རྩོམ་གནང་ཡོད། དེའི་ནང་གི་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ། དེ་བཞིན་ལམ་རིམ་གྱི་བསྟན་པའི་བདག་པོ་ཡིན་པ་གསུངས་འདུག འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་མིའི་འགྲོ་བ་སྤེལ་བ་ནས་བཟུང་སྟེ་ཆོས་རྒྱལ་རིམ་བྱོན་དང་། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་བསམ་གྱི་མི་ཁྱབ་པ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་གཟམ་མ་ཆད་པར་བྱོན་པ་དང་། ལྷག་པར་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ནས་བཟུང་སྟེ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་ཡོངས་གྲགས་རེད། སྐབས་དེ་དུས་ནས་༸གོང་ས་མཆོག་གིས་ལམ་རིམ་ཆེ་ཆུང་ཁག་ཚང་མ་གསན་བཞེས་མཛད་པ་མ་ཟད། གསུང་ཆོས་མང་པོ་ཞིག་སྩལ་དང་སྩོལ་བཞིན་པ་ཡོངས་གྲགས་རེད།
དེ་ནས་དེའི་རྗེས་སུ་ལམ་འབྲས་ཀྱི་བསྟན་པའི་བདག་པོ་ཡིན་པ་དང། ཕྱག་ཆེན་གྱི་བསྟན་པའི་བདག་པོ་ཡིན་པ། རྫོགས་ཆེན་གྱི་བསྟན་པའི་བདག་པོ་ཡིན་པ་སོགས་ཀྱི་བཀའ་གནང་ཡོད། སྤྱིར་བཏང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པར་བརྟེན་དེ་བཞིན་གཤེགས་པའི་གསུང་གི་གསང་བ་མཛད་ནས་དམ་པའི་ཆོས་ཀྱི་ཕུང་པོ་མ་ལུས་པའི་འབྱུང་གནས་ཡིན་པ་དོན་ལ་དེ་ལྟར་གནས་ཡོད་རུང་། ཐུན་མོང་གི་འདུལ་བྱའི་སྣང་ངོར་དེ་དག་གི་སྐབས་དེར་ཟབ་ཚུལ་གསན་བཞེས་མཛད་པ་དེ་འདྲ་བྱུང་མེད། ཡིན་ནའང་མཁྱེན་བརྩེ་རྡོ་རྗེ་འཆང་གི་ལུང་བསྟན་གནང་བ་ནང་བཞིན་རྒྱ་གར་འཕགས་པའི་ཡུལ་ལ་༸ཞབས་སོར་འཁོད་གྲུབ་མཚམས། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་བསམ་གྱི་མི་ཁྱབ་པ་མང་པོ་བོད་གངས་ཅན་ལྗོངས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་གདམས་ངག་སྙན་བརྗོད་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་པ་ཙམ་དུ་མ་ཟད་ཐུགས་ཉམས་སུ་བཞེས། གཞན་ལའང་གསུང་ཆོས་རྒྱ་ཆེན་སྩལ་བ་དང་། གང་ལྟར་ཐུན་མོང་འདུལ་བྱའི་སྣང་ངོར་དངོས་གནས་དྲང་གནས་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོ་ཞེས་རང་བཞིན་གྱི་ཆགས་ཡོད་ཅེས་ཞུ་རྒྱུ་ཞིག་དང་། དེ་བཞིན་རྒྱུད་སྡེ་རྒྱ་མཚོའི་བདག་ཉིད་ཡིན་པ། དཔལ་དུས་འཁོར་དབང་ཆེན་ས་ཕྱོགས་གང་སར་སྩལ་བ་དང་། སངས་རྒྱས་དངོས་སུ་བྱོན་པ་ལྟར་དུས་འཁོར་དབང་ཆེན་སྩལ་བ་སོགས་དེ་འདྲ་གསུངས་ཡོད།
སྤྱིར་༸རྒྱལ་དབང་རིམ་འབྱོན་གྱིས་དུས་འཁོར་དབང་ཆེན་སྩལ་ཡོད་རེད་དེ། ཡིན་ནའང་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དཔལ་དུས་འཁོར་དབང་ཆེན་དེ་བཞིན་དམིགས་བསལ་བ་ཞིག་ཡིན་པ་ནི། དེང་སང་དུས་འཁོར་དབང་ཆེན་ཞེས་པ་འཛམ་གླིང་མི་མང་ཡོངས་རྫོགས་ཀྱི་ཧ་གོ་བ་ཞིག་དང་། བོད་ཕྱི་ནང་ཙམ་མ་ཡིན་པར་ཕྱི་རྒྱལ་ཡུལ་གྲུ་ས་ཕྱོགས་མང་པོར་དུས་འཁོར་དབང་ཆེན་གནང་བ་སོགས་ཀྱི་སྔར་བྱུང་མ་མྱོང་བའི་ངོ་མཚར་གྱི་མཛད་རྗེས་ཞིག་ཆགས་ཡོད། གསོལ་འདེབས་དེའི་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཞེས་གསལ་པོ་མེད་ཀྱང་། ས་གསུམ་གྱི་སྐྱེ་བུ་ཐམས་ཅད་ཀྱི་ཆོས་ཀྱི་རྒྱལ་པོ་ཆེན་པོ་མངའ་གསོལ་བ། སྤྱིར་སྐབས་དེར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཟེར་ན་ང་ཚོ་ཚང་མས་ཤེས་ཀྱི་ཡོད། གང་ལྟར་ནོ་བེལ་ཞི་བདེའི་གཟེངས་རྟགས་མཚོན་པའི་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གཟེངས་རྟགས་བཞེས་གནང་མཛད་པ་དེའི་ནང་གསལ་པོ་ཡོད། དེ་ལྟ་བུ་ཞབས་བརྟན་གསོལ་འདེབས་འབུལ་ཡུལ་༸གོང་ས་མཆོག་དང་། ཕུལ་གནང་མཁན་དེ་མཁྱེན་བརྩེ་རྡོ་རྗེ་འཆང་གཉིས་ཀ་རྣམ་པར་དག་པ་བསམ་གྱི་མི་ཁྱབ་པ་ཡིན་པ་གསལ་བོ་མཐོང་གི་འདུག གསོལ་འདེབས་དེའི་མཇུག་ཏུ་རིང་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་ལྡན་རྒྱལ་ཁབ་ཀྱི་ཕོ་བྲང་པོ་ཏ་ལར་༸ཞབས་སོར་འཁོད་ནས་གཞིས་བྱེས་མཉམ་འཛོམས་བྱུང་བ་སོགས་ཀྱི་ལུང་བསྟན་གནང་ཡོད།
སྤྱིར་ང་རང་ལ་མཚོན་ན་ཡོན་ཏན་གང་ཡང་མེད་མཁན་གྱི་མི་ཞིག་ལ་ཚང་མས་བརྩིས་བཀུར་བྱེད་ཀྱི་ཡོད་པ་དེ་གང་རེད་ཟེར་ན། ༸སྐྱབས་མགོན་རིན་པོ་ཆེའི་བཀའ་གང་གནང་བ་དེ་ངས་བསྒྲུབ་ཀྱི་ཡོད། གང་ལྟར་བཀའ་དང་མ་འགལ་བ་བྱེད་ཀྱི་ཡོད། དེར་བརྟེན་ང་རང་སྤོབས་པ་བསྐྱེད་ཀྱི་འདུག ༸གོང་ས་མཆོག་གི་ཁ་སྔོན་བཀའ་སློབ་ཕེབས་པ་བཞིན་གང་ཉིད་ཀྱི་བཀའ་གང་གནང་བ་དེ་བསྒྲུབ་པ་ཡིན་ན་དེ་ཁོང་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ་གོ་ཆོད་ཡོད་ཅེས་བཀའ་ཕེབས་པ་བཞིན་ང་ཚོ་བོད་རིགས་ཚང་མས་ཁོང་གི་བཀའ་བཞིན་བསྒྲུབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཡིན་ནའང་ང་ཚོ་ཚང་མས་གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར་ཚང་མས་ད་ནས་བཟུང་༸གོང་ས་མཆོག་གི་བཀའ་ཚུལ་བཞིན་དུ་བསྒྲུབ་ཀྱི་ཡིན་བསམ་པའི་དམ་བཅའ་དགོས་པ་དེ་མཛད་སྟོན་གྱི་འབུལ་བའམ་མཆོད་པ་ཡག་ཤོས་དེ་ཆགས་ཡོད། སྤྱིར་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚོན་ན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པ་བཤད་མ་དགོས་པ་རེད། ང་རང་ངོས་ནས་ཀྱང་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཡིན། ཚང་མས་ཁོང་གི་བཀའ་སློབ་གང་གནང་བ་དེར་ཉིན་ཞག་ཕྲུགས་གཅིག་གི་ནང་ལ་ལག་ལེན་བསྟར་ཐུབ་པ་ཡིན་ན། བསྟན་སྲིད་ཀྱི་རིམ་འགྲོ་ཟེར་ནའང་དེ་ལས་ལྷག་པ་མེད་ལ། དེ་བཞིན་ཕྱི་མའི་ལམ་རྒྱགས་ཟེར་ནའང་དེ་ལས་ལྷག་པ་མེད། གང་ལྟར་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཕེབས་པ་དེ་དག་གང་ཐུབ་ཅི་ཐུབ་ཀྱི་ལག་ལེན་ནང་འཁྱོལ་ཐུབ་པ་ཡིན་ན་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཡིན་པ་ཚང་མས་ཐུགས་ལ་འཇགས་རོགས་གནང་ཞུ་རྒྱུ་ཡིན། མཐའ་དོན་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པ་དང་ཡུན་རིང་གནས་པ། བསྟན་འཛིན་ཀུན་གྱི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ། རླབས་ཆེན་ཆོས་སྲིད་ཀྱི་མཛད་འཕྲིན་མཐའ་དག་ཐུགས་བཞེད་བཞིན་འབད་མེད་ལྷུན་གྱི་གྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད། །