༢༠༡༥ ཟླ་ ༥ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས ༡༢ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱ་ནག་མང་གཙོ་དོན་གཉེར་བ་ཡང་ཅི་ལེན་གྱིས་གོ་སྒྲིག་དང་མགྲོན་འབོད་ཞུས་པ་བཞིན་རྒྱ་རིགས་ཤེས་ལྡན་མི་སྣ་དང་སློབ་ཕྲུག་ཁག་གཅིག་བཅས་མཇལ་མོལ་གནང་འདུག དེ་ཡང་བགྲོ་གླེང་གི་ཐོག་མར་སྐུ་ཞབས་ཡང་ཅི་ལི་ལགས་ཀྱིས་ངོ་སྤྲོད་གནང་དོན། དེ་རིང་བོད་མིའི་ཆབ་སྲིད་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྟ་བུ་དང་ས་གནས་རྒྱ་རིགས་དབར་གླེང་མོལ་གྱི་མཛད་སྒོ་འདི་འདྲ་ཞིག་གོ་སྒྲིག་ཞུ་པར་ང་ཚོ་སྤྱི་དམངས་ནུས་སྟོབས་ཚོགས་པ་ (Initiative For China) དང་ང་རང་སྒེར་ལ་མཚོན་ན་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནི་ངའི་ཡུན་རིང་གཤིབ་པའི་མཛའ་གྲོགས་ཡིན། སྐབས་ཤིག་ལ་ང་གཉིས་ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་གྲྭར་སློབ་སྦྱོང་བྱས་པ་རེད། སྐབས་དེར་ང་ཚོས་བོད་རྒྱའི་དབར་གླེང་མོལ་བྱ་རྒྱུའི་ལས་གཞི་ཐོག་མ་སྤེལ་བ་རེད། དུས་སྐབས་དེ་ནི་ཕྱི་ལོ་ ༡༩༩༠ ནང་རེད། ཕྱིས་སུ་གླེང་མོལ་གྱི་ལས་གཞི་དེ་གཞི་རྒྱ་ཆེ་རུ་བཏང་ནས་བོད་རྒྱ་ཙམ་མིན་པར་རྒྱ་ནག་གི་གྲངས་ཉུང་མི་རིགས་དང་ཆོས་ལུགས་འདྲ་མིན་གྱི་མི་སྣ་སོགས་དང་ལྷན་གླེང་མོལ་བྱས་ཡོད། བདུན་ཕྲག་གཉིས་ཙམ་གོང་རྒྱ་ནག་སྐམ་ས་དང་ཐད་ཀར་འབྲེལ་བ་ཡོད་པའི་གྲངས་ཉུང་མི་རིགས་དང་ཆོས་ལུགས་འདྲ་མིན། དེ་བཞིན་ས་གནས་འདྲ་མིན་གྱི་སྐུ་ཚབ་འཐུས་མི་རྣམས་དང་ལྷན་ལྷན་ཚོགས་ཤིག་ཚོགས་ཡོད། ང་ཚོ་ཚང་མ་མཉམ་རུབ་ཐོག་ནས་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་ཐབས་བྱེད་བཞིན་ཡོད། རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་ཐུབ་པ་ཡིན་ན་ང་ཚོ་ཚང་མར་ཁེ་ཕན་ཧ་ཅང་ཆེན་པོ་ཡོད། གཞི་རྩའི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱ་མི་རིགས་དང་ལྷན་གྲོས་མོལ་བྱ་རྒྱུ་ཧ་ཅང་གལ་ཆེར་བརྩི་གནང་མཛད་བཞིན་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་ནས་ཀྱང་དུས་རྟག་ཏུ་བོད་མི་ཚོས་རྒྱ་མི་རིགས་དང་ལྷན་འབྲེལ་བ་བྱེད་དགོས་པའི་འབོད་སྐུལ་གནང་བཞིན་ཡོད། དེ་ནི་བོད་མི་ཚོར་རང་དབང་ཐོབ་ཆེད་ཙམ་མིན་པར་རྒྱ་ནག་མི་དམངས་ཚོ་ལའང་རང་དབང་ཐོབ་ཆེད་ཡིན། ཞེས་སོགས་ཀྱི་ངོ་སྤྲོད་གནང་རྗེས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ངོས་རང་དེ་རིང་འདིར་བཅར་ནས་སྐད་ཆ་འཆད་རྒྱུའི་སྒོ་སྐབས་ཐོབ་པར་ཧ་ཅང་ཆེ་མཐོང་ཐོབ་པ་ཞིག་བྱུང་། དེར་བརྟེན་ངོས་ཀྱིས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྐུ་ཞབས་ཡང་ཅི་ལི་ལགས་དང་ངོས་རང་ཡུན་རིང་ནས་ངོ་ཤེས་ཡིན་པ་མ་ཟད། ཧར་ཝ་ཌི་གཙུག་ལག་སློབ་ཁང་དུ་སློབ་སྦྱོང་གནང་སྐབས་གྲོགས་འདྲིས་ཧ་ཅང་ཆེན་པོ་ཡོད། ལྷག་པར་ཕྱི་ལོ་ ༡༩༩༧ ལོར་ཧར་ཝ་ཌི་གཙུག་ལག་སློབ་ཁང་དུ་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་ཡོང་སྐབས་ང་ཚོས་མཉམ་རུབ་ཐོག་ནས་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ཞིག་སྤེལ་ཡོད། ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་མི་གྲངས་ ༤༠༠༠ ཙམ་ཡོད་པ་དང་། སྐབས་དེར་ས་གནས་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་སྤེལ་བ་ལྟར་ན། གཙུག་ལག་སློབ་ཁང་དེའི་ནང་དེ་སྔ་ཝི་ཏི་ནམ་དམག་འཁྲུག་མཚམས་འཇོག་ཆེད་ངོ་རྒོལ་རྔམ་སྟོན་བྱུང་རྗེས་ངོ་རྒོལ་རྔམ་སྟོན་གཞི་རྒྱ་ཆེ་ཤོས་གཉིས་པ་དེ་ཆགས་ཡོད་པ་བཀོད་འདུག སྤྱིར་ངོས་ཀྱི་སྐུ་ཞབས་ཡང་ཅི་ལི་ཁོང་ཙམ་མ་ཟད། རྒྱ་རིགས་གཞན་མང་པོ་ཞིག་དང་ཐུག་ནས་བོད་ཀྱི་གནད་དོན་སྐོར་ལ་གླེང་སློང་མང་པོ་བྱས་མྱོང་ཡོད། ངོས་རང་ཕྱི་ལོ་ ༢༠༠༢ བར་ཧར་ཝ་ཌི་གཙུག་ལག་སློབ་ཁང་དུ་སྡོད་རིང་རྒྱ་ནག་སྐམ་སའི་མཁས་དབང་དང་སློབ་ཕྲུག་ཚོ་དང་བོད་མི་སློབ་ཕྲུག་དང་མཁས་དབང་བཅས་དབར་བགྲོ་གླེང་ཐེངས་འགའ་ཤས་གོ་སྒྲིག་ཞུ་རྒྱུ་བྱུང་།
སྐབས་དེར་ཆུ་ཚོད་མང་པོའི་རིང་བོད་ཀྱི་གནད་དོན་སྐོར་གླེང་སློང་བྱས་ཡོད། མཚམས་རེ་དཔེ་མཛོད་ཁང་དུ་ཚོགས་མྱོང་ཡོད། ང་ཚོས་བགྲོ་གླེང་བྱ་རྒྱུའི་གནད་དོན་དེ་ཧ་ཅང་གནད་འགག་ཅན་ཞིག་ཡིན་སྟབས་ཆུ་ཚོད་གཉིས་གསུམ་དེ་འདྲ་ཡུད་ཙམ་ལ་འགྲོ་བཞིན་ཡོད། ལྷག་པར་༸གོང་ས་མཆོག་དང་རྒྱ་ནག་སྐམ་སའི་མཁས་དབང་དབར་བགྲོ་གླེང་ལྷན་ཚོགས་ཐེངས་གཉིས་ཙམ་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད། ངོས་ཀྱིས་རྒྱ་ནག་སྐམ་སའི་མཁས་དབང་དང་སློབ་ཕྲུག་མང་དག་ཅིག་དང་ཐུག་འཕྲད་བྱུང་བར་བརྟེན་རྒྱ་རིགས་ཚོས་བོད་ཀྱི་གནད་དོན་ཐོག་བསམ་བློ་གཏོང་སྐབས་ག་འདྲ་ཡིན་མིན་ངོས་ལ་རྒྱུས་མངའ་ཕྲན་བུ་ཡོད། དེ་རིང་འདིར་ངོས་ཀྱིས་སྐད་ཆ་མང་པོ་བཤད་རྒྱུ་མིན། དུས་ཚོད་མང་ཆེ་བ་ང་ཚོ་ཕན་ཚུན་བགྲོ་གླེང་གནང་ཐུབ་ན་དགེ་མཚན་ཆེ་བ་ཡོད། འོན་ཀྱང་ཁྱེད་ཚོས་དྲི་བ་གང་འདྲ་ཞིག་བཏང་ཡང་རང་དབང་རེད། བོད་དང་རྒྱ་ནག་གི་གནད་དོན་ཐོག་དྲི་བ་ཇི་འདྲ་ཞིག་ཡོད་ཀྱང་གཏོང་ཆོག ངོས་ཀྱིས་བོད་ཀྱི་གནད་དོན་འདི་ཨིན་ཇིའི་ཚིག་ (M) ལྔའི་ནང་བསྡུས་ནས་ཞུས་པ་ཡིན་ན། ཕལ་ཆེར་ཐལ་ཆ་ཆེ་དྲག་གི་མ་རེད་བསམ་པའི་རེ་བ་ཞུ་རྒྱུ་ཡིན། (M) ལྔ་པོ་ནི། ནོར་འཁྲུལ་དང་(mistake) ཡིད་ཆེས་མེད་པ། (mistrust) དབུ་མའི་ལམ། (middleway) གོ་ནོར་ཐེབས་པ། (misunderstanding) ལོག་འགྲེལ་བྱས་པ། (misinterpretation) བཅས་ཡིན།
དང་པོ་ནོར་འཁྲུལ་ཡིན་དགོས་དོན་ནི། རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་ད་ལྟ་མུ་མཐུད་དྲག་གནོན་བྱེད་བཞིན་པ་དེ་ནོར་བ་རེད། དེ་འདྲ་ཡིན་དགོས་དོན་རྒྱུ་མཚན་གཙོ་བོ་ནི་གལ་ཏེ་ང་ཚོས་རྒྱལ་རབས་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་བསློགས་པ་ཡིན་ན། རྒྱ་ནག་ཐང་རྒྱལ་རབས་ (Tang Dynasty) ནས་ཆིང་རྒྱལ་རབས་ (Qing Dynasty) དང་། དེ་རྗེས་གོ་མིང་ཏང་(kuomintang) གི་རྒྱལ་རབས་བར་གྱི་དུས་སྐབས་དེའི་རིང་སྐབས་རེ་བོད་ཀྱིས་རྒྱ་ནག་ལ་ཕར་བཙན་བཟུང་བྱས་པའི་དུས་སྐབས་བྱུང་ཡོད་པ་དང་། སྐབས་རེ་རྒྱ་དམག་བོད་ནང་བསླེབས་པ་བྱུང་ཡོད། སྐབས་དེ་དག་ཏུ་རྒྱ་དམག་རྣམས་དེང་སྐབས་བཞིན་བོད་ནང་གཏན་སྡོད་བྱས་ནས་བོད་མི་ཚོར་དྲག་གནོན་ཚབས་ཆེན་པོ་དེ་འདྲ་ནམ་ཡང་བྱེད་མྱོང་མེད། དེར་བརྟེན་ལོ་རྒྱུས་ཐོག་ནས་བལྟ་སྐབས་དེང་སྐབས་བོད་ནང་དུ་འབྱུང་བཞིན་པའི་གནས་སྟངས་དེ་ནོར་འཁྲུལ་ཡིན། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་དེ་ནོར་འཁྲུལ་ཡིན་པར་བརྟེན་བཙན་བཟུང་བྱས་མ་ཐག་བོད་མིས་རྒྱ་གཞུང་ལ་ཡིད་ཆེས་མེད་པ། (mistrust) དེ་ཡོང་གི་ཡོད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཞིང་གཤེགས་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་ཀྲུའུ་ཨེན་ལེ་བཅས་ལ་ཕུལ་བའི་ཞུ་ཡིག་དེ་དག་ནང་དུའང་རྒྱ་དམག་གིས་བོད་ཀྱི་དགོན་སྡེ་བརྒྱ་ཆ་ ༩༨ རྩ་མེད་བཏང་ཡོད་པ་དང་། བོད་མི་དགེ་བཙུན་བརྒྱ་ཆ་ ༩༩ ལྷག་སྐྱ་སར་ཕབ་པ། དེ་བཞིན་བོད་ཀྱི་ཁོར་ཡུག་གཏོར་བཤིག་དང་བག་མེད་དུ་བཀོལ་བ་སོགས་བྱ་སྤྱོད་དེ་དག་ལ་བརྟེན་ནས་བོད་མི་ཚོས་རྒྱ་མིར་ཡིད་ཆེས་མེད་པ་ཆགས་ཡོད། གལ་ཏེ་ང་ཚོས་རྒྱ་ནག་ཐང་རྒྱལ་རབས་ལ་ཕྱི་མིག་གཅིག་བལྟས་པ་ཡིན་ན། ལྷ་སའི་ཇོ་ཁང་འདི་དཔེ་མཚོན་ལེགས་ཤོས་ཤིག་ཆགས་རྒྱུ་རེད།
ལྷ་སའི་ཇོ་ཁང་འདི་བོད་མི་ཚོས་རྩ་ཆེ་ཤོས་སུ་ངོས་འཛིན་ཞུ་བཞིན་ཡོད་པ་ང་ཚོ་ཚང་མས་མཁྱེན་གསལ་རེད། ཇོ་ཁང་ནི་ཁ་ཆེ་བ་ཚོར་མཚོན་ན་མེ་ཁ་ (Macca) ལྟ་བུ་དང་ཡི་ཤུའི་ཆོས་པ་དང་ལྷག་པར་ཡི་ཤུ་རྣམ་དག་ཆོས་པ་ཚོར་མཚོན་ན། ཝེ་ཊི་ཀན་ (Vatican) ལྟ་བུ་ཆགས་ཡོད། ཇོ་ཁང་ནང་གི་རྟེན་གཙོར་མཚོན་ན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྒྱ་ཡི་བཙུན་མོ་ཀོང་ཇོས་རྒྱ་ནག་ནས་བོད་དུ་ཇོ་བོ་གདན་འདྲེན་ཞུས་ཡོད། འོན་ཀྱང་དེང་སྐབས་ཇོ་ཁང་ནང་རྒྱ་ནག་གཞུང་གིས་གསང་བའི་པར་ཆས་གང་སར་བཙུགས་ནས་བོད་མི་ཚོར་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད་སྟབས། བོད་མི་ཚོས་དེང་སྐབས་ལྷ་ཁང་ནང་དུ་མཆོད་མཇལ་འགྲོ་སྐབས་སུའང་ཐེ་ཚོམ་བྱེད་དགོས་པའི་གནས་སྟངས་ཆགས་ཡོད། དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡིད་ཆེས་བསྐྲུན་ཐབས་སུ་གཉིས་སྨན་དབུ་མའི་ལམ་ (middleway) གྱི་སྲིད་བྱུས་འདོན་གནང་མཛད་པ་དེར་དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱུན་སྐྱོང་བྱེད་བཞིན་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་རིགས་ཡོངས་རྫོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་ཡོད། དེར་བརྟེན་སྲིད་བྱུས་འདི་རྒྱུ་མཚན་ལྡན་པ་ཞིག་དང་ལག་ལེན་བསྟར་ཐུབ་པའི་དངོས་ཡོད་ཐབས་ལམ་ཞིག་ཡིན། འོན་ཀྱང་རྒྱ་ནག་གཞུང་དང་རྒྱ་རིགས་ཁག་གཅིག་གིས་ངོས་ལ་རྒྱ་ནག་ཁ་བྲལ་གྱི་སྲིད་བྱུས་ལ་ངོས་ལེན་རྩ་བ་ནས་བྱེད་ཐུབ་རྒྱུ་མིན་སྐོར་བཤད་ནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འགྲེལ་བཤད་བྱེད་བཞིན་ཡོད། དེར་བསམ་བློ་གཏོང་དགོས་པ་ཞིག་རེད། གང་ཡིན་བརྗོད་ན། གལ་ཏེ་རྒྱ་ནག་གཞུང་གིས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་སྤྲད་པ་ཡིན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་ཆིག་སྒྲིལ་གྱི་བདག་དབང་ལ་བོད་མི་ཚོས་རྩོད་ལེན་བྱ་རྒྱུ་མིན་པ་ཁས་ལེན་བྱས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མིས་བཏོན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེར་བཟང་ཕྱོགས་ཀྱི་ཡར་ལན་བྱ་རྒྱུའི་ཚབ་ཏུ་ལོག་འགྲེལ་ (misinterpretation) བྱས་པར་བརྟེན་གོ་ནོར་ (misunderstanding) ཐེབས་ཀྱི་ཡོད།
གལ་ཏེ་ཁྱེད་རྣམ་པས་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ཐོག་རྒྱབ་ཤ་དཀར་པོ་ཟེར་བའི་དེབ་བཏོན་ཡོད་པ་དེར་གཟིགས་ཚེ་ལེའུ་འགའ་ཤས་ཡོད། ལེའུ་དང་པོ་བོད་ནང་དུ་རྒྱ་ནག་གཞུང་གིས་དཔལ་འབྱོར་འཛུགས་སྐྲུན་ཇི་ལྟར་བྱས་ཡོད་སྐོར་ཞིབ་ཕྲ་བཀོད་ཡོད། ལེའུ་གཉིས་པར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་བྲིས་ཡོད། དེ་སྔའི་རྒྱབ་ཤ་དཀར་པོ་དང་མི་འདྲ་བར་ཐེངས་འདིའི་རྒྱབ་ཤ་དཀར་པོའི་ནང་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་བཤད་ཡོད། རྒྱ་ནག་གཞུང་གིས་སྐད་ཆ་དེ་འདྲ་བཤད་པ་ཐེངས་དང་པོ་ཡིན། ཕྱི་ལོ་ ༢༠༠༤ ལོར་རྒྱ་ནག་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་ནང་བོད་དེ་དུས་རབས་ ༡༣ ནས་རྒྱ་ནག་གི་ཆ་ཤས་རེད། བཅས་བཀོད་ཡོད། འོན་ཀྱང་ཐེངས་འདིར་རྒྱབ་ཤ་དཀར་པོའི་ནང་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་ཡོད། དེར་བརྟེན་རྒྱབ་ཤ་དཀར་པོ་གཉིས་ཀྱི་སྐད་ཆ་དེ་གཉིས་འགལ་འདུ་ཆགས་ཡོད། གོ་མིང་ཏང་གི་རྩོམ་པ་པོས་བྲིས་པའི་ནང་བོད་དེ་གོ་མིང་ཏང་གི་དུས་སྐབས་སུ་རྒྱ་ནག་གི་ཆ་ཤས་ཆགས་སྐོར་བཤད་ཡོད། གལ་ཏེ་ཁྱེད་རྣམ་པས་ཕྱི་ལོ་ ༡༩༥༡ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་བཙན་འོག་ཏུ་བཞག་པའི་ཡིག་ཆ་དེར་གཟིགས་སྐབས་ཆེད་བརྗོད་དུ། བོད་འདི་ཉིད་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོའི་ནང་ལོག་པ། ཞེས་བཀོད་ཡོད། གལ་ཏེ་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ན་མེས་རྒྱལ་ཁྱིམ་ཚང་ནང་དུ་ཕྱིར་ལོག་ཟེར་ན་གང་ནས་ཕྱིར་ལོག་བྱེད་ཀྱི་ཡོད་དམ། སྐད་ཆ་དེ་ཚོ་ཚང་མར་སྔ་ཕྱིའི་འགལ་འདུ་ཡོད།
ལེའུ་གསུམ་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཚོས་འཚེ་མེད་ཞི་བའི་ལངས་ཕྱོགས་ཐོག་ནས་ཕེབས་རྒྱུར་ཆོད་སེམས་བརྟན་པོ་ཡོད་མེད་ལ་ཐེ་ཚོམ་བྱས་ནས་བྲིས་ཡོད། འོན་ཀྱང་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་ཚོས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ཐོག་ཤར་བསྐྱོད་གནང་རྒྱུ་ཡིན་པ་འཛམ་གླིང་ཀུན་གྱིས་མཁྱེན་གསལ་ཡིན་པ་དང་། ལྷག་པར་༸གོང་ས་མཆོག་གིས་འཚེ་མེད་ཞི་བའི་ལམ་ལ་ཆོད་སེམས་བརྟན་པོས་ཤར་བསྐྱོད་མཛད་པར་བརྟེན་མགོན་པོ་གང་ཉིད་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཡོད། དེ་ནས་ལེའུ་བཞི་པའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་ལོག་འགྲེལ་བྱས་པ་དང་སྦྲགས་དགག་པ་བརྒྱབ་འདུག གལ་ཏེ་ཁྱེད་རྣམ་པས་རྒྱ་ནག་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་ནང་འགྲེལ་བཤད་བྱས་པའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་བཀླགས་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་བཤད་པ་དང་འབྲེལ་བ་གང་ཡང་མེད་པ་གཟིགས་ཐུབ། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ། ཞེས་པའི་ཡིག་ཆ་འདི་ཁྱེད་རྣམ་པས་དྲ་རྒྱའི་ལམ་ནས་གཟིགས་ཐུབ།
འོན་ཀྱང་རྒྱབ་ཤ་དཀར་པོའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་པ་དེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་འབྲེལ་བ་གང་ཡང་མེད། དེར་བརྟེན་རྒྱབ་ཤ་དཀར་པོའི་ནང་གང་ཡོད་པ་དེ་དག་འཁྱོག་བཤད་ཁོ་ན་ཡིན་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་འགྲེལ་བཤད་ལོག་པ་བརྒྱབ་ནས་གཞན་མགོ་བོ་རྨོངས་སུ་འཇུག་རྒྱུ་ཁོ་ན་ལས་མ་འདས། ལེའུ་ལྔ་པའི་ནང་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྤྲུལ་སྐོར་བཤད་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་དབང་བསྒྱུར་བྱེད་བཞིན་པ་དེ་ལོ་རྒྱུས་ཐོག་ནས་ནོར་འཁྲུལ་རེད། གང་ཡིན་བརྗོད་ན་ལོ་རྒྱུས་ཐོག་རྒྱ་ནག་གིས་བོད་དེ་དུས་ཡུན་རིང་པོ་དེ་ཙམ་དབང་བསྒྱུར་བྱས་ནས་དྲག་གནོན་འོག་བཅུག་པ་ནམ་ཡང་བྱུང་མྱོང་མེད། དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་རིག་གཞུང་དང་ཁོར་ཡུག་རྩ་མེད་བཟོས་པ་དང་། མི་རིགས་དབྱེ་འབྱེད་དང་དཔལ་འབྱོར་ཟུར་འབུད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་མི་ཚོས་རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་མ་ཐུབ་པ་ཆགས་བཞིན་ཡོད། ང་ཚོས་རྒྱ་རིགས་མཁས་པ་དང་སློབ་ཕྲུག་ཚོ་དང་ལྷན་བགྲོ་གླེང་བྱ་རྒྱུའི་རྒྱུ་མཚན་གཙོ་བོ་ནི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་སོགས་ལ་གོ་ནོར་ཐེབས་པ་དང་ལོག་འགྲེལ་བྱས་པ་དེ་དག་གསལ་པོ་བཟོ་ཆེད་ཡིན། དེའི་ཐོག་ནས་ལོ་རྒྱུས་ཐོག་བོད་རྒྱ་མི་རིགས་ཕན་ཚུན་འཆམ་མཐུན་དང་ཡིད་ཆེས་ཡོད་པ་དེ་བསྐྱར་གསོ་ཡོང་ཐབས་ཆེད་ཡིན། མཐའ་དོན་ངོས་ཀྱི་རྒྱབ་ཤ་དཀར་པོའི་སྐོར་ལ་ཞུ་རྒྱུར། ཐེངས་འདིར་རྒྱ་ནག་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོ་འདི་འདོན་ཐེངས་ ༡༣ པ་ཆགས་ཡོད། དེའི་ཁོང་ནས་ ༡༡ བོད་ཁོ་ནའི་ཐོག་ཡིན་པ་དང་།
གཉིས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་གྲངས་ཉུང་མི་རིགས་ཟེར་བའི་སྐོར་ཡིན་ནའང་བོད་དེ་གཙོ་འདོན་བྱས་ནས་བཏོན་འདུག དེར་བརྟེན་རྒྱ་ནག་གཞུང་གིས་ད་བར་བོད་ཐོག་རྒྱབ་ཤ་དཀར་པོ་ ༡༣ བཏོན་ཡོད། ངོས་ཀྱིས་བརྗོད་དགོས་དོན་གང་ཡིན་ཞུ་ན། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ཐོག་རྒྱབ་ཤ་དཀར་པོ་གཉིས་བཏོན་ཡོད། ནང་སོག་ལ་རྒྱབ་ཤ་དཀར་པོ་གཅིག་ཀྱང་བཏོན་མེད། ཧོང་ཀོང་ཐོག་རྒྱབ་ཤ་དཀར་པོ་གཅིག་བཏོན་ཡོད། འོན་ཀྱང་བོད་ཐོག་ད་བར་རྒྱབ་ཤ་དཀར་པོ་ ༡༣ འདོན་དགོས་དོན་གང་ཡིན་ནམ། ལོ་གཉིས་གསུམ་རེའི་མཚམས་སུ་བོད་ཐོག་རྒྱབ་ཤ་དཀར་པོ་རེ་རེ་འདོན་བཞིན་ཡོད། ཉེ་ལམ་འཐབ་ཕྱོགས་གཅིག་གྱུར་གྱི་ཚོགས་གཞོན་ཟུར་པ་ཀྲུའུ་ཝེ་ཆོན་གྱིས་བོད་ཐོག་སྐད་ཆ་འདི་འདྲ་ཞིག་བཤད་ཡོད། ཉེ་ལམ་ལོ་ཤས་ནང་ཏཱ་ལའི་རུ་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བའི་ལས་འགུལ་ཞིག་སྤེལ་བཞིན་པ་དེར་མི་ཚོས་རྒྱབ་སྐྱོར་བྱེད་བཞིན་ཡོད། དེར་བརྟེན་རྒྱབ་ཤ་དཀར་པོའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་གཙོ་འདོན་བྱས་ནས་བྲིས་ཡོད། ཅེས་བཤད་འདུག དེར་བརྟེན་བོད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་ལ་ད་དུང་ཡང་བློ་འཚབ་ཆེན་པོ་ཡོད་སྟབས་ད་བར་བོད་ཐོག་རྒྱབ་ཤ་དཀར་པོ་ཐེངས་ ༡༣ བཏོན་པ་རེད། གཞན་རྒྱབ་ཤ་དཀར་པོ་དེ་ཙམ་མང་པོ་འདོན་དགོས་དོན་མེད། ཅེས་གསུང་བཤད་གནང་རྗེས་དྲི་བ་རྣམས་ལ་ལན་འདེབས་གནང་འདུག་པ་བཅས།།