༢༠༡༥ ཟླ་ ༥་ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Institute of Long Life Learning ཞེས་པའི་ཤེས་ཡོན་བསྟི་གནས་ཁང་དང་འཕགས་བོད་འབྲེལ་མཐུད་ཚོགས་པ་གཉིས་ཟུང་འབྲེལ་ཐོག རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་ལངས་ཕྱོགས་གསར་པ་དང་། བོད་ཀྱི་གནད་དོན། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་གནང་འདུག སྐབས་དེར་གཙུག་ལག་སློབ་དཔོན་དང་ཁྲིམས་རྩོད་པ། སྤྱི་ཚོགས་ལས་འགུལ་བ། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་སྲིད་དོན་ཚན་རིག་གི་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༢༠༠ བརྒལ་བས་མཉམ་ཞུགས་གནང་འདུག བགྲོ་གླེང་ལྷན་ཚོགས་སྐབས་འཕགས་བོད་འབྲེལ་མཐུད་ཚོགས་པའི་རྐང་འཛིན་པ་སྐུ་ཞབས་ཨིན་དི་རེཤ་ཀུ་མཱར་ Shri Indresh Kumar ལགས་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཁོང་གིས་ཐོག་མར་བལ་ཡུལ་གཙོ་བོར་གྱུར་བའི་བོད་དང་འབྲུག་དེ་བཞིན་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་ཁག་གཅིག་ནང་ཉེ་ལམ་ས་འགུལ་གྱི་གོད་ཆག་འོག་མི་གྲངས་སྟོང་ཕྲག་མང་པོ་རྐྱེན་འདས་སུ་གྱུར་བ་སོགས་བསམ་ཡུལ་ལས་འདས་པའི་དཀའ་སྡུག་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུས་འདུག དེ་རྗེས་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཟེར་བ་ལོ་རྒྱུས་ཐོག་བྱུང་མྱོང་མེད་ཀྱང་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་ཁྲིམས་འགལ་ཐོག་ནས་བོད་ས་བཙན་འཛུལ་བྱས་རྗེས་རྒྱ་དཀར་ནག་གཉིས་གཞི་ནས་ས་མཚམས་ཆགས་ཡོད་པ་དང་། དེ་བཞིན་རྒྱ་ནག་རྒྱལ་ཡོངས་བདེ་སྲུང་སློབ་སྟོན་པར་ Chinese National Security Advisor མཚོན་ནའང་བོད་དེ་རྒྱ་ནག་ལྕགས་རིའི་ཕྱི་ལ་ཡོད་སྟབས་རྒྱ་ནག་གི་ཆ་ཤས་ཤིག་མིན་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཁྲིམས་འགལ་གྱིས་བཙན་བཟུང་བྱས་པ་མ་ཚད། ཕྱི་ལོ་ ༡༩༥༤ ལོར་རྒྱ་དཀར་ནག་གཉིས་དབར་པན་ཆ་ཤིལ་Panchsheel ཟེར་བའི་ཆིངས་ཡིག་བཞག་ནས་རྒྱ་གར་ཧི་མཱ་ལ་ཡི་རི་རྒྱུད་ཀྱི་ས་ཆ་ཧམ་བཟས་བྱས་ཡོད། དེ་རྗེས་ཆིངས་ཡིག་དེའི་ནང་དོན་ལ་རྩིས་མེད་རྡོག་རོལ་བཏང་སྟེ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་ལའང་དམག་བརྒྱབ་ཡོད་སྐོར་གསུངས། གཞན་ཡང་ཁོང་གིས་མུ་མཐུད་གསུང་དོན།
རྒྱ་ནག་གཞུང་གིས་རྒྱ་གར་དང་ས་འབྲེལ་ཡོད་པའི་བོད་ཀྱི་ས་ཁུལ་ཁག་གཅིག་དང་ལྷག་པར་སྟོད་གངས་རིན་པོ་ཆེ་དང་མཚོ་མ་ཕམ་གྱི་གནས་སའི་ཁུལ་གྱི་གཞུང་ལམ་དང་ལྕགས་ལམ་དེ་བཞིན་འབྲེལ་ལམ་ཧ་ཅང་ཡར་རྒྱས་བཏང་ཡོད། སྤྱིར་རྒྱ་ནག་ལ་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་ཚུལ་ཡོད་པ་དེས་རྒྱ་གར་གྱི་བདེ་འཇགས་ལ་ཉན་ཚབས་བཟོ་བཞིན་ཡོད། ད་ཐེངས་རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་རྒྱ་ནག་ཏུ་རྒྱལ་དོན་མཚམས་གཟིགས་སྐབས་བོད་དེ་རྒྱ་ནག་གི་ཆ་ཤས་མིན། ཞེས་གསུང་དགོས། བོད་ཀྱི་གནད་དོན་ལ་དོན་དམ་གྱི་སེམས་འཚབ་གནང་རྒྱུ་དེ་རྒྱ་གར་རང་ཉིད་ཀྱི་ཁེ་ཕན་ཡིན། བོད་ནང་ལ་མཚོན་ན་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༣༠ ལྷག་གིས་རང་ལུས་མེར་སྲེག་བཏང་ནས་བོད་ལ་རང་དབང་དགོས་པ་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཡོད། ཅེས་གསུངས་པ་དང་སྦྲགས་དེ་སྔ་སྐབས་ཤིག་ལ་ཁོང་གིས་༸གོང་ས་མཆོག་མཇལ་བཅར་ཞུ་སྐབས་བོད་ལ་རང་དབང་ཐོབ་རྒྱུ་ཡིན་སྐོར་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་སྐབས་དེར་ཁོང་ལ་བཀའ་ལན་སྩལ་བའི་ནང། གལ་ཏེ་རྒྱ་གར་གྱི་དབུ་ཁྲིད་དང་མཁས་ཁྱད་མི་སྣ། རྣམ་དཔྱོད་ཅན། ཆབ་སྲིད་མི་སྣ། དེ་བཞིན་མང་ཚོགས་རྣམས་ཀྱིས་འབད་བརྩོན་ལ་བརྟེན་ནས་རྒྱ་གར་ཡུལ་འདི་ཨེ་ཤི་ཡའི་མངའ་ཁུལ་གྱི་སྣེ་ཁྲིད་ཐུབ་པའི་རྒྱལ་ཁབ་གཅིག་ཆགས་པ་ཡིན་ན། མི་རིང་བར་བོད་ལ་རང་དབང་ཐོབ་ཐུབ་རྒྱུ་ཡིན་པ་བཀའ་ལན་སྩལ་བ་དེ་ལུང་འདྲེན་གནང་འདུག གཞན་ཡང་སྐབས་དེར་འཕགས་བོད་འབྲེལ་མཐུད་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་འབྲེལ་མཐུད་ཁང་གི་ངོ་སྤྲོད་དང་ལས་དོན་སྤེལ་ཕྱོགས་སོགས་གསལ་བཤད་གནང་།