༢༠༡༥ ཟླ་ ༥ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༦ ཉིན་བོད་མི་མང་སྤྱི་འཐུས་ཨཱ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སུན་དར་ན་གར་དང་མཚོ་པདྨ། མན་ཌི། དེ་བཞིན་པན་ཌོ་བཅས་སུ་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་ནས་མཚོ་པདྨ་དང་མན་ཌིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༢ ཐོག་དབུ་བཞུགས་གནང་བ་མ་ཟད། ས་ཁུལ་དེ་དག་གི་གྲོས་ཚོགས་འཐུས་མི་དང་ཉེན་རྟོག་འགོ་དཔོན་སོགས་དང་མཇལ་འཕྲད་གནང་ནས་ས་གནས་བོད་མིའི་གནས་སྟངས་དང་དཀའ་ངལ་སོགས་ཞུ་གཏུགས་གནང་སྐབས་འབྲེལ་ཡོད་རྣམས་ཀྱིས་བོད་མིའི་དཀའ་ངལ་ཐོག་གང་ཐུབ་གཟིགས་རྟོགས་གནང་རྒྱུའི་ཁས་ལེན་ཡང་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༦ ཉིན་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐེངས་ ༢ མཚོ་པདྨར་འཚོགས་སྐབས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷན་སི་ལལ་ཐཱ་ཀུར་ Mr. Bhansi Lal Thakur ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། ཕྱི་ཚེས་ ༡༨ ཉིན་མན་ཌིར་བོད་དོན་རྒྱབ་སྐྱོར་གྱི་ལྷན་ཚོགས་སྐབས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་སུ་ཤི་ལ་སོངྐ་ལ་ Mrs. Sushila Sonkhla ལགས་ཕེབས་ནས་ཚོགས་འདུ་གཙོ་སྐྱོང་གནང་འདུག སྐབས་དེར་སུན་མཚོ་མན་གསུམ་གྱི་ས་གནས་འགོ་འཛིན་དང་མཚོ་པདྨ་དང་མན་ཌི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་གཅིག་ལྕོགས་ཡིན་པ་བསྟན་འཛིན་ལེགས་བཤད་ལགས་ཀྱང་ཕེབས་ཡོད་འདུག
དེ་ཡང་ལྷན་ཚོགས་སྐབས་མཚོ་པདྨ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲངས་ ༣༩ དང་། མན་ཌིའི་ཚོགས་མི་གྲངས་ ༡༡ ལྷན་ཚོགས་ནང་མཉམ་ཞུགས་གནང་འདུག ལྷན་ཚོགས་སྐབས་ས་གནས་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དོ་སྣང་ཧ་ཅང་ཆེན་པོ་གནང་འདུག་པ་མ་ཟད། ས་གནས་བོད་མི་རྣམས་དང་འབྲེལ་བ་དམ་ཟབ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་རྣམ་འགྱུར་གསལ་སྟོན་གནང་བ་དང་སྦྲགས། བོད་མིའི་གསུམ་བཅུའི་དུས་དྲན་དང་བུད་མེད་སྒེར་ལངས་ཉིན་མོ། དེ་བཞིན་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུངས་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་དམིགས་བསལ་ཐོག་སྲུང་བརྩི་ཞུ་རྒྱུའི་ལས་རིམ་སོགས་ནང་བོད་མི་རྣམས་དང་གཅིག་མཚུངས་སུ་ཆ་ཤས་ལེན་རྒྱུའི་གྲོས་ཆོད་བཞག་པ་དང་། ལྷག་པར་མཚོ་པདྨའི་ལྷན་ཚོགས་སྐབས་ཚོགས་བཅར་བ་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ཐོག་ནས་མཚོ་པདྨ་གནས་ཆེན་ཞིག་ཡིན་སྟབས་ཁོར་ཡུག་གཙང་མ་ཉར་རྒྱུའི་ཐོག་གྲོས་ཆོད་ཀྱང་བཞག་འདུག